ཨ་པེ་ཡིས་ནང་བློན་སྒྱུར་བཅོས་བཏང་པ།
སྤེལ་བའི་དུས་ཚོད། : 2019-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨ་པེ་ཤིན་ཟོ་ཡིས་ནང་བློན་སྒྱུར་བཅོས་བཏང་ཞིང་། ནང་བློན་19ཁྲོད། དབུ་བཞུགས་བློན་ཆེན་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་འཁུར་བའི་ཨ་སོ་ཐ་རོ་དང་གཞུང་དོན་ཁང་གི་འགོ་འཛིན་སོ་ཀཱ་ཡོ་ཞི་ཧེ་ཏི་རང་སོར་བཞག་པ་ལས། གཞན་ནང་བློན་17ཚང་མ་སྒྱུར་བཅོས་བཏང་ཡོད།

ལོ་38ཡིན་པའི་དེ་སྔའི་བསྐྱར་དར་ཁང་གི་སྲིད་དོན་འགོ་འཛིན་ཅེན་ཅེ་རོ་ཁོ་ཟོ་མེ་ཁོར་ཡུག་བློན་ཆེན་ལ་བསྐོས་པ་དང་། དེ་སྔའི་འཇར་པན་དཔལ་འབྱོར་བསྐྱར་སྤེལ་འགན་འཁུར་བློན་ཆེན་མོ་ཐེ་ཅི་ཐའོ་ཞི་མེ་ཚུའུ་ཕྱི་འབྲེལ་བློན་ཆེན་ལ་བསྐོས་ཤིང་། དེ་སྔའི་ཕྱི་འབྲེལ་བློན་ཆེན་ཁོ་ནའོ་ཐ་རོ་རྒྱལ་སྲུང་བློན་ཆེན་ལ་བསྐོས་ཡོད།

ནང་བློན་གསར་པའི་ནང་། ཐེངས་དང་པོར་ནང་བློན་གསར་ཞུགས་ཁོངས་མི་13ཡོད་ཅིང་། ཨ་པེ་ཡིས་ནང་བློན་སྒྱུར་བཅོས་རིམ་བྱུང་ཁྲོད་ཁོངས་མི་གསར་པ་ཆེས་མང་བའི་ཐེངས་ཤིག་རེད། གཞན་ཡང་། ནང་བློན་ཁོངས་མི་གསར་པའི་ཁྲོད་དུ་ད་དུང་བུད་མེད་བློན་ཆེན་གཉིས་ཡོད་དེ། གཅིག་ནི་སྤྱི་ཁྱབ་བློན་ཆེན་དུ་བསྐོས་པའི་ཐ་ཁའེ་ཆི་ས་ནེ་དང། གཞན་པ་དེ་ནི་ཨོ་རྩལ་དང་བུད་མེད་ལས་དོན་བློན་ཆེན་གཅིག་ལྕོགས་ཧ་ཞི་མའོ་ཐའོ་སེ་ཁོ་རེད།