བཀྲ་ལོས་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་གྲོས་ཚོགས་ཐོག་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་སྐོར་ངོ་སྤྲོད་གནང་།
སྤེལ་བའི་དུས་ཚོད། : 2018-03-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་ནས་ཡོང་བའི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་༣༧པའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་སྤྱིར་བཏང་རང་བཞིན་གྱི་བཤེར་རྩོད་ཐོག་གཏམ་བཤད་སྤེལ་ནས། ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་འཛུགས་དང་སྲིད་གཞུང་མིན་པའི་སྒྲིག་འཛུགས་ཀྱི་འཐུས་མིར་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལས་འཛིན་ལྷན་ཚོགས་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ལོས་གཏམ་བཤད་སྤེལ་སྐབས། ད་ཆ་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་སྐད་ཡིག་སྔར་བཞིན་བོད་སྐད་ཡིག་ཡིན་པ་དང་། འོས་འགན་སློབ་གསོའི་དུས་མཚམས་སུ་བོད་ལྗོངས་སུ་སྐད་གཉིས་སློབ་གསོ་ལག་བསྟར་བྱེད་བཞིན་ཡོད་པ། བོད་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཉིས་མཐོང་ཆེ་ཆུང་གཅིག་པར་འཛིན་གྱི་ཡོད། སྲིད་གཞུང་གིས་ཆེད་མངགས་ལས་ཁུངས་བཙུགས་ནས་རྒྱུན་ཆད་མེད་པར་ཐོན་པའི་ཐ་སྙད་གསར་པ་དག་ཚད་ལྡན་བཟོ་བཞིན་ཡོད། ཀྲུང་གོ་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ཚད་ལྡན་ཡིག་ཆ་ལེགས་སྒྲིག་དང་དཔེ་སྐྲུན་བྱེད་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ལྷག་དོན་དུ་རིགས་གཅིག་མཁས་པ་བརྒྱ་ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལོ་ཉི་ཤུའི་དུས་ཡུན་ནང་པར་གཞི་མི་འདྲ་བའི་བོད་ཡིག་གི་བཀའ་བསྟན་འགྱུར་དཔེ་བསྡུར་དང་དཔེ་སྐྲུན་བྱས་ཡོད། དེ་རིང་བོད་ཡིག་གི་ཆ་འཕྲིན་ཅན་ལག་རྩལ་ཉིན་རེ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད་པ་དང་། བོད་སྐད་ཡིག་མཉམ་འབྲེལ་དྲ་བའི་ཐོག་བེད་སྤྱོད་གཏོང་རྒྱུ་དེ་ཧ་ཅང་ཡོངས་ཁྱབ་ལྡན་པ་ཞིག་ཏུ་གྱུར་ཡོད་ཅེས་དང་། བོད་ཀྱི་དེང་རབས་ཅན་འཕེལ་རིམ་ཁྲོད། གནའ་བོའི་བོད་སྐད་ཡིག་ལ་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་པ་མ་ཟད། མུ་མཐུད་དེ་རྒྱུད་འཛིན་དང་གོང་འཕེལ་འགྲོ་ངེས་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།