སྟོན་འབྲུ་གཅིག་རྗེས་གཉིས་མཐུད་ངང་བསྡུ་འགོ་ཚུགས་པ་དང་། ས་གནས་ཁག་གིས་གོ་སྐབས་དམ་འཛིན་བྱས་ནས་ལོ་ལེགས་ཡོང་བར་འགན་ལེན་བྱས་པ།
2026-09-30 09:46:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་སྟོན་འབྲུ་གཅིག་རྗེས་གཉིས་མཐུད་ངང་བསྡུ་འགོ་ཚུགས་པ་དང་། ས་གནས་ཁག་གིས་གོ་སྐབས་དམ་འཛིན་དང་བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་སྟོན་འབྲུ་ལོ་ལེགས་ཡོང་བའི་འགན་ལེན་བྱས་ཡོད།
ས་གནས་ཁག་གིས་གོ་རིམ་ལྡན་པའི་སྒོ་ནས་ཆུ་འབྲས་བསྡུ་འགོ་ཚུགས་ཡོད། ཅི་ལིན་ཞིང་ཆེན་གྱི་ད་ལོའི་ཆུ་འབྲས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་1260ཟིན་པ་དང་། སུང་ཡོན་གྲོང་ཁྱེར་ཧུང་ཀོང་ཞིང་རར་བསྒྱུར་བཀོད་བྱས་རྗེས་ཀྱི་སྨི་སྟོང་གི་ཞིང་ཁ་གྲུ་ནར་ཅན་ཁྲོད་འདེབས་འཛུགས་བྱས་པའི་ཆུ་འབྲས་ལ་ལོ་ལེགས་ཡག་པོ་བྱུང་ཡོད། ཅི་ལིན་ཞིང་ཆེན་གྱིས་འདི་ལོ་ས་ཞིང་ཁོད་སྙོམས་པ་དང་། ཆུ་ཡུར་དྲ་བ་མཐུན་སྦྱོར་སྒྲིག་བཀོད་དང་བློ་རིག་ལྡན་པའི་དོ་དམ་སྲུང་སྐྱོང་བཅས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། གྲམ་ཐང་བྭ་ཚ་ཅན་དང་ས་ཞིང་ཐར་ཐོར་དག་ཐོན་འབོར་བརྟན་པའི་ཞིང་སར་སྒྱུར་བཀོད་བྱས་ནས་འབྲུ་རིགས་ལ་ལོ་ལེགས་ཡོང་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད། ཕུའུ་ཅན་ས་གནས་ཁག་གི་ཆུ་འབྲས་སྔ་རྗེས་སུ་བསྡུ་འགོ་ཚུགས་པ་དང་། ཉིང་ཏེ་གྲོང་ཁྱེར་ཧྲོའུ་ཉིང་རྫོང་གིས་ས་ཞིང་ཁ་ཐོར་དུ་ཁྱབ་པ་དང་། རྒྱ་ཁྱོན་ཆུང་བ། གཟར་ཚད་ཆེ་བ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་དམངས་ཕན་ཁ་གསབ་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ། རི་ཁུལ་དུ་ལས་སྒྲུབ་བྱ་རྒྱུར་འཚམ་པའི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ལ་ཉོ་སྒྲུབ་ཁ་གསབ་20%ནས་50%བར་སྤྲད་དེ་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་བྱེད་ཚད་མཐོ་རུ་བཏང་ཡོད།
ས་གནས་ཁག་གི་མ་རྨོས་ལོ་ཏོག་ཀྱང་སྔ་རྗེས་སུ་སྨིན་ནས་བརྔ་བསྡུ་བྱེད་པའི་དུས་སུ་སླེབས་ཡོད། ཧྲན་ཏུང་ལེའོ་ཁྲེང་ཁྲི་ཕིང་ཆུས་སུ་མ་རྨོས་ལོ་ཏོག་བརྔ་བསྡུ་འཕྲུལ་འཁོར་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། འདི་ལོ་ས་གནས་དེ་གས“ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད”ཅེས་པའི་བྱ་རིམ་ཆུང་ངུ་བེད་སྤྱོད་གཏོང་འགོ་ཚུགས་ཤིང་། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་མཁོ་སྤྲོད་དང་ས་ཁུལ་ལས་བརྒལ་བའི་ལས་སྒྲུབ་ཀྱི་འདོད་བློ་དུས་ཐོག་ཏུ་རྟོག་ཞིབ་དང་བཀོད་སྒྲིག་བྱས་ཏེ། ཞིང་ལས་འཕྲུལ་ཆས་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ཞིང་དུད་ཀྱིས་དྲ་ཐོག་ནས་ཞིང་ལས་འཕྲུལ་ཆས་མངགས་པ་དང་། འཕྲུལ་ཆས་གཏོང་མཁན་གྱིས་གནད་ལ་འཁེལ་བའི་སྒོ་ནས་མངགས་མཐོ་བླངས་ནས་ཞིང་ལས་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད། ཨན་ཧུའེ་ཞིང་ཆེན་དེ་ཡོངས་སུ་མ་རྨོས་ལོ་ཏོག་མུའུ་ཁྲི་400ཙམ་བསྡུ་ཐུབ་པ་དང་མྱུར་ཚད་21%ལས་བརྒལ་ཡོད། ལིན་ཆོན་རྫོང་གི་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་དཔེ་སྟོན་ཞིང་ཁར་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཀྱིས་མ་རྨོས་ལོ་ཏོག་བསྡུ་བ་དང་། ཤུན་པགས་བཤུ་བ། འབྲུ་རྡོག་འདོན་པ་བཅས་ཐེངས་གཅིག་ལ་ལེགས་གྲུབ་ཐུབ་པ་མ་ཟད། བྱང་སྐར་ཕྱོགས་སྟོན་མ་ལག་གསར་ཤོས་དང་དུང་འཁྱིལ་སྒྲིག་ཆས་གསར་པ་སྒྲིག་སྦྱོར་བྱས་པའི་བརྔ་བསྡུ་འཕྲུལ་འཁོར་གྱིས་བརྔ་བསྡུ་ལས་ཕྱོད་ཆེས་ཆེར་ཆེ་རུ་གཏོང་ཐུབ་པ་མ་ཟད། ད་དུང་མ་རྨོས་ལོ་ཏོག་བསྡུ་བའི་བརྒྱུད་རིམ་ཁྲོད་འབྲུ་རྡོག་ས་ལ་ཐོར་ནས་ཟད་གྲོན་དུ་འགྲོ་ཚད་ཉུང་དུ་ནུས་ལྡན་བཏང་ཡོད།
སྲན་ཆེན་ཡང་ཁྱོན་ཡོངས་ནས་བརྔ་བསྡུ་བྱེད་འགོ་ཚུགས་ཡོད། ཧེ་ལུང་ཅང་ཝུའུ་ཏ་ལན་ཁྲི་གྲོང་ཁྱེར་གྱི་སྲན་ཆེན་གྱི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ལག་རྩལ་འདུས་གྲུབ་དཔེ་སྟོན་ཁུལ་དུ་འཕྲུལ་ཆས་ཅན་གྱི་བརྔ་བསྡུའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ད་ལོ། ས་གནས་དེ་གས“སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཐོན་འབོར་མང་དུ་གཏོང་རྒྱུ་”དམིགས་འབེན་དུ་བྱས་ཏེ། ཐོན་སྐྱེད་ལྷུ་ཚིགས་ཚང་མར་ཚད་ལྡན་ཅན་གྱི་དོ་དམ་ཚོད་འཛིན་ལམ་སྲོལ་བཙུགས་ནས། ལོ་ཏོག་གི་ཐོན་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།
















