འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྣྲོན་ཟླའི་ཚེས་ལྔའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར། ལིང་ནན་གྱི་ས་གནས་ཁག་གི་འབྲུག་གྲུ་འགྲན་བསྡུར་བྱེད་འགོ་འཛུགས་གྲབས་ཡོད། ཀོང་ཏུང་ཧྥོ་ཧྲན་གྱི་སན་ཧྲུའེ་རུ་འབྲུག་གྲུ་བཟོ་བའི་ལག་རྩལ་ཤིན་ཏུ་ལེགས་པའི་གྲུ་བཟོའི་ཁྱིམ་རྒྱུད་ཅིག་ཡོད། ཁྱིམ་རྒྱུད་དེས་འགྲན་རར་རྒྱུག་པའི་“འབྲུག་གྲུ་ཨང་དང་པོ་”མང་པོ་བཟོས་ཡོད།
ཧྥོ་ཧྲན་གྲོང་ཁྱེར་སན་ཧྲུའེ་ཆུས་ཀྱི་འབྲུག་གྲུ་བཟོ་གྲྭ་ཞིག་ཏུ་བསྐྱོད་སྐབས། མི་རབས་གསུམ་གྱིས་མཉམ་དུ་འབྲུག་གྲུ་བཟོ་བའི་རྣམ་པ་མཐོང་རྒྱུ་ཡོད་དེ། 1995ལོར་སྐྱེས་པའི་ལི་ཅིན་པེའོ་ནི་ཁྱིམ་རྒྱུད་ཀྱི་འབྲུག་གྲུ་བཟོ་བའི་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་གསུམ་པ་དེ་ཡིན།
ལི་ཅིན་པིའོ་ཡིས་ད་ལྟ་བཟོ་བཞིན་པ་ནི་འབྲུག་མཇུག་གི་ཆ་ཤས་ཤིག་ཡིན་ཞིང་། དེ་ནི་ནན་ཧའེ་ཡི་ཏེ་ཅའོ་གཡེང་སྐྱོད་འབྲུག་གྲུ་ཡིན་ཞེས་བརྗོད་ཡོད།
ཉེ་བའི་ལོ་ཤས་རིང་ཧྥོ་ཧྲན་ནན་ཧའེ་ཏེ་ཅའོ་གཡེང་སྐྱོད་འབྲུག་གྲུ་དེ་ཐུན་མོང་མིན་པའི་རྩལ་འགྲན་གྱི་ཁྱད་ཆོས་ལ་བརྟེན་ནས་རྒྱལ་ནང་གི་འབྲུག་གྲུ་འགྲན་བསྡུར་གྱི་མཚོན་བྱེད་རང་བཞིན་ལྡན་པའི་“རྩལ་ནུས་རིགས་ཀྱི་”འགྲན་བསྡུར་ནང་ཚུད་ཡོད། ཡངས་ཤིང་རྒྱ་ཆེ་བའི་གཙང་པོའི་ངོས་ཀྱི་རྒྱུན་གཏན་འབྲུག་གྲུ་དང་མི་འདྲ་བར། ཏེ་ཅའོ་ཆུ་བོར་རྣང་མ་འཕྲེད་གཞུང་དུ་ཁྱབ་ཅིང་། ཆུ་ལམ་གུ་དོག་ལ་ཀྱག་ཀྱོག་མང་བས། རིང་ཚད་སྨི་ཉི་ཤུ་ལྷག་ཙམ་ཡོད་པའི་འབྲུག་གྲུ་དེ་ཞེང་ཚད་སྨི་དྲུག་ཡང་མ་ཟིན་པའི་ཆུ་ལམ་དོག་མོར་བབ་དང་བསྟུན་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་ཡོད། དེས་ན་འབྲུག་གྲུ་དེ་འདྲ་བཟོ་བར་རེ་བ་ཧ་ཅང་མཐོ་པོ་ཡོད། འབྲུག་གྲུ་དེ་བཟོ་བྱེད་ཀྱི་རྒྱུ་ཆར་ཉི་མར་ཕྱོགས་ནས་སྐྱེས་པའི་སྤུས་ལེགས་ཤིང་ཆ་འདེམས་དགོས་པ་དང་། བཟོ་རྩལ་ཐད་སྲོལ་རྒྱུན་གྱི་ཤིང་ཆ་མཐུད་སྦྱོར་ལག་རྩལ་ཁོ་ནར་བརྟེན་དགོས་ཀྱི་ཡོད།
རྒྱུ་ཆ་དང་བཟོ་རྩལ་ལ་ཚོད་འཛིན་ནན་པོ་ཡོད་པ་ཕུད། འབྲུག་གྲུ་བཟོ་སྐབས་ད་དུང་མི་རེ་རེའི་གནས་ཚུལ་ལ་གཞིགས་ནས་ཞུན་བརྡར་བྱེད་དགོས་ལ། འགྲན་ལམ་གྱི་ས་དབྱིབས་ཀྱི་ཁྱད་ཆོས་དང་བསྟུན་ནས་གྲུ་གཟུགས་ཀྱི་གཞུ་ཚད་དང་། ཆེ་ཆུང་གི་བསྡུར་ཚད། ལྗིད་ལྟེ་བཅས་གནད་ལ་འཁེལ་བའི་སྒོ་ནས་ལེགས་སུ་གཏོང་དགོས། ད་ཆ་འབྲུག་གྲུ་བཟོ་གྲྭའི་རྒྱུན་འཛིན་པ་མི་རབས་གསུམ་པ་ལི་ཅིན་པའོ་ཡིས་མི་ཐབས་རིག་ནུས་ཡོ་བྱད་ཀྱི་རམ་འདེགས་འོག་གནའ་བོའི་འབྲུག་གྲུ་བཟོ་བའི་ལག་རྩལ་ལ་གྲངས་གཞིའི་རྨང་གཞི་བརྟན་པོ་བཏིང་ཡོད།
ལི་ཅིན་པིའོ་ཡིས་ངས་གྲངས་གཞི་དེ་དག་ཡར་བཅུག་ནས་མི་ཐབས་རིག་ནུས་སྤྱད་དེ་འབྲུག་གྲུའི་3Dཡི་མ་དཔེ་ཇུས་འགོད་བྱེད་ཐུབ་ཀྱི་ཡོད། དེ་སྔོན་ཆད་དང་བསྡུར་ན་ཐད་ཀར་མཐོང་ཐུབ་པས་ཤིན་ཏུ་གསལ་པོ་ཡོད་ཅེས་བརྗོད་ཡོད།
མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པའི་ལག་ཤེས་པའི་སྙིང་སྟོབས་དེའང་འབྲུག་གྲུའི་རིག་གནས་དང་བསྟུན་ནས་དུས་ཀྱི་འཁོར་རྒྱུག་ཁྲོད་གཅིག་རྒྱུན་གཅིག་འཛིན་དང་མི་རབས་ནས་མི་རབས་བར་ཉམས་པ་མེད་པར་རྒྱུད་འཛིན་ཐུབ་ཀྱི་ཡོད།
ལི་ཅིན་པིའོ་ཡིས་སྤོ་བོ་ལགས་ཀྱིས་རྒྱུན་འཛིན་བྱས་པའི་ལག་རྩལ་དེ་སྲུང་དགོས་ལ། ངའི་ཕྲུ་གུ་རྣམས་ལ་ཡང་རྗེས་ཕྱོགས་བྱ་བ་ཅི་ཞིག་སྒྲུབ་རུང་། ང་ཚོ་འབྲུག་གྲུའི་རིག་གནས་དང་འབྲུག་གྲུའི་ལག་རྩལ་ཁྲོད་ཀྱི་མཐུན་སྒྲིལ་དང་འབད་འཐབ། ཕམ་ཁར་ནམ་ཡང་མགོ་མི་སྒུར་བའི་སྙིང་སྟོབས་དེ་དག་ཡིད་ལ་ངེས་དགོས་ཞེས་ཤོད་ཀྱི་ཡོད་ཅེས་བརྗོད་འདུག