▶ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་པས། རིལ་རིལ་དབུ་ལ་འོ་བརྒྱལ་བཟོས།
ཚེས་2ཉིན་སྤྱི་བདེ་པུའི་དྲ་བའི་བདེ་འཇགས་ཅུས་ཀྱིས་དཀྲོག་གཏམ་སྤེལ་བའི་དཔེ་མཚོན་གྱོད་གཞི་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། ཉེ་ཆར། ཧུའུ་ནན་ཞིང་ཆེན་ཧྲེ་མོན་རྫོང་དུ་དྲག་ཆར་བབས་པས། གྲོང་ཚོའི་ལས་བྱེད་པ་ཞིག་གིས་ཉིན་ཤས་བསྟུད་མར་འབྲུབ་འགོག་གནོད་སྐྱོབ་ཀྱི་འཐབ་ས་དང་པོ་བརྟན་སྲུང་བྱས་ནས། ཁྱིམ་ཚང་ཁག་ཏུ་ཉེན་ཟོན་བརྡ་གཏོང་བར་ཕེབས་པ་དང་། གནས་སྤོ་བྱ་དགོས་པའི་བརྡ་གཏོང་བ། མང་ཚོགས་ཀྱི་སྡོད་གནས་བཀོད་སྒྲིག་བྱེད་པ། དངོས་ཟོག་དབོར་འདྲེན་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བས་དྲ་གྲོགས་མང་པོར་སེམས་འགུལ་ཐེབས་ཡོད། འོན་ཀྱང་། སྤྱི་ཚོགས་ཡོངས་ཀྱིས་གནོད་འགོག་གེགས་སེལ་གྱི་ཆེད་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་བའི་སྐབས་སུ། དྲ་གྲོགས་ཉུང་ཤས་ཀྱིས་གྲོང་ཚོའི་ལས་བྱེད་པ་ཁོང་གིས་གནོད་སྐྱོབ་སྐོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཏགས་པའི་སྒོར་བརྒྱ་ཡང་ཟིན་གྱི་མེད་པའི་རྣ་རྒྱན་དེར་བལྟས་ནས། ཁོང་ལ་དོན་མེད་ཀྱི་སྐྱོན་བརྗོད་བྱས་ཡོད་པ་དང་། རྣ་རྒྱན་དེར་སྲང་དོ་ཙམ་ཡོད་ས་རེད་ཅེས་ཚོད་དཔག་བྱས་པ་མ་ཟད། གྲོང་གསེབ་ཀྱི་བུད་མེད་ཕལ་པར་གསེར་གྱི་རྣ་རྒྱན་དེ་འདྲ་འདོགས་རྒྱུ་ག་ལ་ཡོད་ཟེར་བ་དང་། དེ་ལས་རྣ་རྒྱན་དེ་ཞལ་འདེབས་སུ་ཕུལ་ན་གང་ལས་སེམས་འགུལ་ཐེབས་པ་ཡོང་གི་རེད་ཟེར་བ་སོགས་དམའ་འབེབས་དང་ཟུར་ཟའི་སྐད་ཆ་བཤད་དེ་འབྲུབ་འགོག་གནོད་སྐྱོབ་ཀྱི་ལས་དོན་ལ་འགོག་རྐྱེན་དང་ཤུགས་རྐྱེན་ངན་པ་བཟོས་ཡོད། དེའི་ཐད། སྤྱི་བདེ་པུའི་དྲ་བའི་བདེ་འཇགས་ཚན་པས་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ། དྲ་ཐོག་གཏུམ་སྤྱོད་ཀྱི་བྱ་སྤྱོད་15ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་དང་། རང་ལོ་44ལ་སླེབས་པའི་སྐྱེས་པ་ཆིན་ཆེ་གེ་མོ་དང་། རང་ལོ་45ལ་སླེབས་པའི་སྐྱེས་པ་ཝེ་ཆེ་གེ་མོ་སོགས་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུའི་ཐག་བཅད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། དབང་མོ།
















