འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་6.6%འཕར་བ་དང་། དྲ་ཐོག་ཚོང་ཟོག་གི་སིལ་ཚོང་དངུལ་འབོར་གྱིས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་72.2%ཟིན་ཡོད།
གློག་རྡུལ་ཚོང་དོན་གྱིས་ཡུལ་སྐོར་དང་བཟའ་བཏུང་སོགས་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། ཡུལ་སྐོར་དང་བཟའ་བཏུང་ལས་རིགས་ཀྱིས་དྲ་ཐོག་ཐབས་ལམ་བརྒྱུད་དངོས་ཟོག་ཕྱིར་ཚོང་བྱས་པའི་གྲངས་འབོར་གྲངས་གནས་གཉིས་འཕར་ཡོད།
ལོ་འདི་ཤར་ཚུན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་སྤུས་ལེགས་ཚོང་ཟོག་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། ཟླ་བ་དང་པོ་ནས་བཞི་པའི་བར། གཙོ་གནད་ལྟ་ཞིབ་ཚད་ལེན་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ནང་འདྲེན་སྟེགས་བུའི་ཐོག་གོ་ལ་ཧྲིལ་པོའི་ཚོང་ཟོག་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་4.3%འཕར་ཡོད་ཅིང་། དེའི་ནང་ཐེ་ལན་གྱི་ཤིང་ཏོག་ལེའུ་ལན་དྲ་ཐོག་ཏུ་སིལ་ཚོང་བྱས་པའི་བསྡོམས་འབོར་འཕར་སྣོན་ཅུང་མགྱོགས་པོ་བྱུང་ཡོད། དགའ་བསུ་ཆེན་པོ་ཐོབ་པའི་ནང་འདྲེན་ཚོང་ཟོག་གིས་རྒྱལ་ནང་གི་འཛད་སྤྱོད་གདམ་ག་ཕུན་སུམ་ཚོགས་སུ་བཏང་བ་དང་དུས་མཚུངས“དར་གོས་ལམ་བུའི་གློག་རྡུལ་ཚོང་དོན”གྱི་རོགས་ཟླའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་གློག་རྡུལ་ཚོང་དོན་གྱི་ཁྲོམ་ར་ཆེན་པོ་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།