ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་གོང་འཕེལ་གྱི་རྣམ་པ།

2026-05-21 15:05:00     责编:娜科

   འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ཞིང་། ལོ་བཅུའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་བྱ་མི་ཉན”ཞེས་གསལ་པོར་བཏོན་གནང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་། འབྱུང་ཁམས་སྔོན་འཇོག་དང་སྦགས་མེད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ། སྔོ་ལྗང་རི་ཆུ་ལས་འབྱུང་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཆེན་པོ་ཐོན་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པའི་མཛུབ་ཁྲིད་འོག འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གིས་འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཉམས་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཕྱོགས་ཡོངས་ནས་སྦགས་མེད་ཕྱོགས་སུ་བརྗེ་སྒྱུར་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས།  འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་གོང་འཕེལ་གྱི་མཛེས་རིས་གསར་པ་མཉམ་དུ་འབྲི་བཞེངས་བྱེད་བཞིན་ཡོད།

དེང་གི་འབྲི་ཆུ་ནི་ཆུ་མོ་དྭངས་ཤིང་དྲག་ཏུ་འཕྱུར་བ་དང་། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ནགས་ཚལ་ཁེབས་ཚད་46%ལས་བརྒལ་བ། རྒྱལ་ཡོངས་ཀྱི་ཆུ་ཐོན་སོན་རྒྱུའི་སྲུང་སྐྱོང་ཁུལ་42.8%ཙམ་དང་ཚྭ་མེད་ཆུའི་ཉ་རིགས་55.1%ཙམ་ཁྱབ་ཡོད་ཅིང་། ཆུ་གཞུང་གི་ཆུའི་སྤུས་ཚད་ལོ་མང་བསྟུད་མར་རིགས་IIཔར་རྒྱུན་འཁྱོངས་ཐུབ་ཡོད། 

འབྲི་ཆུ་ནི་རང་རྒྱལ་གྱི་འབྱུང་ཁམས་ཀྱི་ནོར་བུའི་བང་མཛོད་གལ་ཆེན་ཞིག་ཡིན་པ་དང་། མ་ཡུམ་ཆུ་བོ་སྲུང་སྐྱོང་དང་གོང་འཕེལ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་ཐུགས་ཁུར་གནང་ས་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་སྟོད་རྒྱུད་དང་དབུས་རྒྱུད། སྨད་རྒྱུད་བཅས་སུ་རྟོག་ཞིབ་གནང་བ་དང་། སྔ་རྗེས་སུ་ཆེད་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་གཙོ་སྐྱོང་གནང་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་མཐོའི་གོང་འཕེལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུར་སྣེ་ཁྲིད་གནང་ཡོད། ཁོང་གིས། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་བྱ་མི་ཉན་པ་མཐའ་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ཐད་འབད་བརྩོན་དེ་བས་ཆེ་བ་བྱེད་དགོས་པའི་ནན་སྟོན་གནང་ཡོད། ཁོང་གིས། འབྲི་ཆུའི་དཔལ་འབྱོར་ཁུལ་དེ་རང་རྒྱལ་གྱི་འབྱུང་ཁམས་སྔོན་འགྲོ་དང་སྦགས་མེད་གོང་འཕེལ་གྱི་གཡུལ་ས་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་བགྲོད་ཐུབ་པའི་འཕར་རྩ་གཙོ་བོ། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་གཙོ་གཟུགས་དམག་བཅས་སུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད། 

སྲུང་སྐྱོང་ཆེན་པོར་མཉམ་དུ་དམ་འཛིན་བྱས་པ་སྟེ། སྲུང་སྐར་པར་རིས་ཀྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ལོ་བཅུའི་འབྱུང་ཁམས་འགྱུར་ལྡོག་ལ་བདེན་དཔང་བྱས་ཡོད། 

2016ལོའི་སི་ཁྲོན་དབྱི་པིན་གྱི་གཙང་གསུམ་མདོ་རུ། སྦགས་བཙོག་བཟོ་བའི་ཁེ་ལས་མང་པོ་འདུས་ཡོད་པ་དང་། བཟའ་བཏུང་གྲུ་གཟིངས་གང་སར་ཁྱབ་ཡོད་པས། ཆུའི་འབྱུང་ཁམས་ནུས་པ་ཉམས་ཞན་དུ་ཚབས་ཆེན་ཕྱིན་ཡོད། ད་ཆ། དེ་གར་སྤྱི་ལེ་90ལྷག་ཙམ་ཡོད་པའི་འབྱུང་ཁམས་བར་ཁྱམས་བསྐྲུན་ཡོད་པ་དང་། ཆུ་མོ་དྭངས་ཤིང་། མཚོ་འགྲམ་སྔོ་ལྗང་ལྡན་པ། ཆུ་བོ་ཤར་གཏོང་ཐུབ་ཅིང་མཛེས་ལྗོངས་ཡིད་དུ་འོང་། འགྱུར་ལྡོག་དེ་ནི་དབྱི་པིན་གྱིས་འབྲི་ཆུའི་འབྱུང་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་འབུད་སྦུག་དྲ་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། གཙང་པོའི་འགྲམ་རྒྱུད་ཀྱི་རང་བྱུང་མཚོ་འགྲམ་ས་ཆ་སླར་གསོ་བྱས་པ། ཆུ་འགྲམ་བར་མཐོངས་དང་གྲོང་ཁྱེར་སྤྱི་གླིང་བསྐྲུན་པ་བཅས་ལས་བྱུང་བ་རེད།

དབྱི་པིན་གྱི་འབྱུང་ཁམས་འགྱུར་ལྡོག་དེ་འདྲ་ལོ་བཅུའི་རིང་འབྲི་ཆུའི་ངོགས་གཉིས་སུ་རྒྱུན་ཆད་མེད་པར་ཐོན་ཡོད། ཅང་ཞི་ཏུའུ་ཁྲང་དུ། རགས་ལས་སྔོག་འདོན་བྱས་ཏེ་རྨ་ཁ་གང་སར་བཟོས་པའི་རི་ངོས་སུ་ལྗང་མདོག་གིས་གཡོགས་ཡོད། ཨན་ཧུའེ་ཝུའུ་ཧུའུ་རུ། ཁྲིམས་འགལ་གྱི་གྲུ་ཁ་དང་ཐར་ཐོར་བཟོ་གྲྭ་རྣམས་མཛེས་སྡུག་ལྡན་པའི་གཙང་འགྲམ་ལྗང་ལམ་དུ་གྱུར་ཡོད།

ལོ་ངོ་བཅུའི་རིང་། འབྲི་ཆུའི་འགྲམ་རྒྱུད་ཀྱི་སྤྱི་ལེ་162ཡོད་པའི་ལམ་ཐིག་ཐོག་རྫས་འགྱུར་བཟོ་ཁང་སོགས་ཕྱིར་འཐེན་དང་ཁོར་ཡུག་ཉམས་གསོ་བྱས་པ་དང་། ཁྲིམས་འགལ་གྱི་གྲུ་ཁ་1361ལ་བཅོས་སྒྲིག་མཐར་ཕྱིན་བྱས་པ། ཆུ་བོའི་བཙོག་འབུད་བྱེད་ས་ཉིས་འབུམ་ལྷག་ཙམ་ཚད་ལྡན་བཅོས་སྒྲིག་བྱས་ཡོད། འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གིས་ཞིང་ཆེན་ཁྱབ་ཁོངས་ལས་བརྒལ་བའི་འབྱུང་ཁམས་ཁ་གསབ་ལམ་སྲོལ་བཙུགས་ནས།  སྟོད་སྨད་རྒྱུད་དང་། གཡས་གཡོན་འགྲམ་ངོགས། ཆུ་གཞུང་ཨ་མ་དང་ཆུ་ལག་བཅས་མཉམ་དུ་བཅོས་སྒྲིག་བྱེད་པའི་མཉམ་ཤུགས་མགྱོགས་མྱུར་ཆགས་པར་བྱས་ཡོད། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་དངོས་སུ་ལག་ལེན་བསྟར་བས། ལོ་བཅུའི་རིང་ཉ་འཛིན་བཀག་སྡོམ་བྱས་པའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཆུའི་སྤུས་ཀ་ལེགས་པའི་བསྡུར་ཚད་96.5%ཟིན་པ་དང་།  འབྲི་ཆུ་འབབ་རྒྱུད་དུ་ཉ་རིགས་351ལྟ་ཞིབ་ཚད་ལེན་ཐུབ་པ་དེ་ཉ་འཛིན་བཀག་སྡོམ་མ་བྱས་གོང་ལས་རིགས་43མང་དུ་ཕྱིན་ཡོད། འབྲི་ཆུའི་ཆུ་ཕག་མགོ་གྲངས་1426བར་སླར་གསོ་བྱུང་ཡོད། 

གསར་སྤེལ་ཆེན་པོ་བྱ་མི་ཉན་པ་ནི་གསར་སྤེལ་མི་བྱེད་པ་མ་ཡིན་པར། གཏོར་བཤིག་རང་བཞིན་གྱི་གསར་སྤེལ་མི་བྱེད་པར་འབྱུང་ཁམས་སྔོན་འཇོག་པ་དང་སྦགས་མེད་གོང་འཕེལ་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་པ་དེ་ཡིན།  

སྲུང་སྐར་ལ་བརྟེན་ནས་ཐུར་ལྟ་བྱས་ཚེ། ཧུའུ་པེ་དབྱི་ཁྲང་དུ་2016ལོར་གཙང་པོའི་མཐའ་སྐོར་དུ་རྫས་འགྱུར་བཟོ་གྲྭས་ཁེངས་ཤིང་། སྤྱི་ལེ་200ལྷག་ཙམ་གྱི་འབྲི་ཆུའི་འགྲམ་རྒྱུད་དུ་རྫས་འགྱུར་བཟོ་ལས་ཁེ་ལས་130ལྷག་ཙམ་ཁྱབ་ཡོད་པ་དང་། གོ་རིམ་མེད་པའི་གོང་འཕེལ་གྱིས་འབྱུང་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད། ད་ཆ་འབྲི་ཆུའི་རྒྱུད་ཀྱི་རྫས་འགྱུར་བཟོ་ལས་ཁེ་ལས་ཚང་མ་སྒོ་བརྒྱབ་པ་དང་། གནས་སྤོ། བརྗེ་སྒྱུར་བཅས་བྱས་པ་དང་། དབྱི་ཁྲང་དུ་བརྒྱུད་རིམ་དེའི་ཁྲོད་ཐོན་ལས་ནུས་པ་རིམ་སྤོར་བྱུང་ཡོད། སྔོན་ཆད་སྦགས་བཙོག་ཚབས་ཆེ་བའི་དམའ་རིམ་རྫས་ལུད་ཐོན་ལས་ཀྱི་ཚབ་ཏུ་ཞིབ་ཚགས་རྫས་འགྱུར་བཟོ་ལས་ཐོན་ལས་གོང་འཕེལ་བྱུང་ཞིང་།  ཐོན་སྐྱེད་བྱས་པའི་ལིན་སྐྱུར་ལྕགས་ལི་དེ་ཉིད་ནུས་གསོག་ཐོན་ལས་ཀྱི་མ་བཅོས་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་བ་དང་། དེས་དབྱི་ཁྲང་རྒྱལ་ཡོངས་ཀྱི་ནུས་གསོག་རྟེན་གཞི་གལ་ཆེན་ཕྱོགས་སུ་མགྱོགས་མྱུར་སྐྱོད་རྒྱུར་རམ་འདེགས་བྱེད་བཞིན་ཡོད། 

ད་ལྟའི་འབྲི་ཆུའི་དཔལ་འབྱོར་རྒྱུད་དུ་ཚན་རྩལ་གསར་གཏོད་ལྟེ་གནས་3དང་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་8བཀོད་སྒྲིག་དང་འཛུགས་སྐྲུན་བྱས་ཡོད་པ་དང་། མི་ཐབས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། འདུས་འགྱུར་ནུས་ཁུངས་སོགས་འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གྲུབ་འབྲས་ཁག་གཅིག་རྒྱུན་ཆད་མེད་པར་ཐོན་པ་དང་། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་41དང་། རྒྱལ་ཁབ་རིམ་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་30གཅིག་ཏུ་སྡུད་ཡོད་པས། གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་51%དང་45%སོ་སོར་བཟུང་ཡོད།    འབྲི་ཆུའི་རྒྱུད་དུ་གསར་པ་དང་ལེགས་པའི་ཕྱོགས་སུ་སྐྱོད་པའི་ཐོན་ལས་རེ་རེ་བཞིན་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས། སྟོད་རྒྱུད་ཀུའེ་ཀྲོའུ་རུ། གཞི་ཁྱོན་ཅན་དང་གཅིག་སྡུད་ཅན་གྱི་རྩིས་ཤུགས་ཐོན་ལས་ཁྱུ་ཚོགས་ཆགས་ཡོད། དབུས་རྒྱུད་ཀྱི་ཧུའུ་ནན་དུ། རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་མཐོ་ས་ཧུར་ཐག་བསྐྲུན་པ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ནང་བཟུང་བའི་བསྡུར་ཚད་51%ལས་བརྒལ་བ། སྨད་རྒྱུད་ཀྱི་ཧྲང་ཧའེ་རུ། མི་ཐབས་རིག་ནུས་ཀྱིས་མཚོན་པའི་སྔོན་ཁྲིད་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཕྱིན་ནས།  2025ལོར། གཞི་ཁྱོན་ཡན་གྱི་མི་ཐབས་རིག་ནུས་ཁེ་ལས་394ཡི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་6370ལས་བརྒལ་བ་དང་། དུས་མཚུངས་ལས་39.5%འཕར་ཡོད། 

འབྲི་ཆུའི་དཔལ་འབྱོར་རྒྱུད་ནི་རྒྱལ་ཡོངས་གོང་འཕེལ་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། ལོ་བཅུའི་རིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལྡབ་གཅིག་ལྷག་ཙམ་འཕར་ནས། རྒྱལ་ཡོངས་སུ་བཟུང་བའི་བསྡུར་ཚད་42.2%ནས་47.3%བར་འཕར་ཡོད། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.3ནས་སྒོར་ཁྲི་4.4བར་འཕར་བ་དང་། འཕར་ཚད་དེ་91%ཟིན་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས།  འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར་11གིས་སྦགས་མེད་ཀྱི་འཆར་གཞི་གཅིག་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོའི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་རྒྱུན་འཁྱོངས་ཐུབ་པར་བྱེད་བཞིན་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་། 

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད། བསྟན་འཛིན་འཇམ་དཔལ། 

中央广播电视总台 央广网 版权所有

འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་མཐོའི་གོང་འཕེལ་གྱི་རྣམ་པ།