སྤྱི་ཟླ་4པའི་ཟླ་མཇུག་ཏུ། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གསོག་ཚད་དུས་མཚུངས་ལས་7.8%འཕར་ནས། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་བརྟན་དུ་ཕྱིན་པ།
2026-05-15 09:49:00 责编:卓玛才让
སྤྱི་ཚེས་14ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ་4པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་གསོག་ཚད་དུས་མཚུངས་ལས་7.8%འཕར་བ་དང་། དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་སྣོན་བྱུང་བ་དང་། དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱ་རྒྱུ་སྔར་བས་བརྟན་དུ་ཕྱིན་ཡོད།
སྤྱི་ཟླ་4པའི་ཟླ་མཇུག་ཏུ། ཁྱབ་ཆེའི་དངུལ་ལོར་(M2)ལྷག་གྲངས་སྒོར་དུང་ཕྱུར་ས་ཡ་གསུམ་དང་ལྔ་འབུམ་གསུམ་ཁྲི་བཞི་བརྒྱ་ཟིན་པ་དེ་དུས་མཚུངས་ལས་8.6%འཕར་ཡོད། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གསོག་འབོར་སྒོར་དུང་ཕྱུར་ས་ཡ་བཞི་དང་ལྔ་འབུམ་དྲུག་ཁྲི་བརྒྱད་སྟོང་དགུ་བརྒྱ་ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད། དཔལ་འབྱོར་འཕར་སྣོན་དང་རིན་གོང་སྤྱིའི་ཆུ་ཚད་ཀྱི་སྔོན་དཔག་དམིགས་འབེན་དང་འདྲ་པོ་བྱུང་ཡོད། ནན་ཁའེ་སློབ་ཆེན་དངུལ་རྩ་རིག་པའི་དགེ་རྒན་ཆེ་མོ་བ་ཐེན་ལི་ཧུའེ་ཡིས། སྤྱི་ཚོགས་མཉམ་འདྲེས་དང་ཁྱབ་ཆེའི་དངུལ་ལོར་གྱི་འཕར་ཚད་དེ་མིང་ཐོག་དཔལ་འབྱོར་འཕར་ཚད་ལས་རྒྱུན་མཐུད་ངང་མཐོ་བ་ཡོད་པ་དེའི་ཐོག་ནས། མིག་སྔའི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཆ་རྐྱེན་ལྷུག་པོ་ཡོད་པ་དང་དངོས་ཚན་དཔལ་འབྱོར་གྱི་ནུས་ལྡན་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་གང་ལེགས་སྐོང་ཐུབ་པ་མཚོན་གྱི་ཡོད་ཅེས་བརྗོད་ཡོད།
སྤྱི་ཟླ་4པའི་ཟླ་མཇུག་ཏུ། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ས་ཡ་གཉིས་དང་བརྒྱད་འབུམ་ལྔ་སྟོང་ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ཡོད། དངུལ་བུན་གཏོང་བའི་གཞི་ཁྱོན་ལུགས་མཐུན་ངང་འཕར་སྣོན་རྒྱུན་འཁྱོངས་བྱེད་པ་དང་། ཡིད་རྟོན་དངུལ་བུན་གྱི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད་པ་རེད།
















