དུས་ཚིགས་དང་པོར་རང་རྒྱལ་ཆུ་གློག་གི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་པ།
2026-05-14 09:55:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནས་བཟུང་རང་རྒྱལ་གྱི་ཆུ་གློག་གི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་ཚད་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་པ་དང་། ཆུ་གློག་ལས་གྲྭ་གལ་ཆེན་ཁག་གཅིག་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཕན་འབྲས་ཐོན་ཏེ་ནུས་རྒྱུའི་བདེ་འཇགས་འགན་ལེན་དང་སྦགས་མེད་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་ཡོད།
རྒྱལ་མོ་རྔུལ་ཆུའི་ཆུ་ཆེན་ཆུ་ཤུགས་གློག་ཁང་གི་སྤྱིའི་གློག་འདོན་ཤུགས་སྟོང་ཝ་ཁྲི་86ཡིན་པ་དང་། འཕྲུལ་འཁོར་རྐྱང་པའི་གློག་འདོན་ཚད་སྟོང་ཝ་ཁྲི་21.5ཡིན་པའི་འདྲེས་རྒྱུག་རྣམ་པའི་ཆུ་འཁོར་གློག་འདོན་འཕྲུལ་འཁོར་ཚན་པ་4སྒྲིག་སྦྱོར་བྱས་ཡོད། ཐེངས་འདིར་བཀོལ་སྤྱོད་བྱེད་འགོ་ཚུགས་པ་དེ་འཕྲུལ་འཁོར་ཚན་པ་དང་པོ་ཡིན་པ་རེད།
མིག་སྔའི་བར། རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་དུ་གཅིག་སྡུད་ཐོག་བཀོལ་སྤྱོད་བྱེད་འགོ་ཚུགས་པའི་ཆུ་གློག་འཕྲུལ་འཁོར་གྱི་གློག་འདོན་ཤུགས་སྟོང་ཝ་ཁྲི་2000ལས་བརྒལ་ནས་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་ཐོན་སྐྱེད་རྟེན་གཞི་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད།
རྒྱལ་མོ་རྔུལ་ཆུ་ཕུད། ད་ལོ་ནས་བཟུང་འབྲི་ཆུ་དང་། ཉག་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཆེན་པོ་གསུམ་གྱི་ཆུ་གློག་རྣམ་གྲངས་ཀྱི་འཛུགས་སྐྲུན་ཡང་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་ཡོད། རྫ་ཆུ་འབབ་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་14ཡི་སྤྱིའི་གློག་འདོན་ཚད་སྟོང་ཝ་ཁྲི་2430ཙམ་ཟིན་ནས་བྱང་ཆུབ་པའི་སྐས་རིམ་ཅན་གྱི་གསར་སྤེལ་རྣམ་པ་གྲུབ་ཡོད། འབྲི་ཆུའི་སྟོད་རྒྱུད་དུ་ཞོལ་ལུང་དང་ཡེར་པ་ཐང་སོགས་འཛམ་གླིང་རིམ་པའི་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ནུས་རྒྱུ་གཙང་མའི་རྟེན་གཞིའི་སྤྱིའི་འཆར་འགོད་གཞི་ཁྱོན་སྟོང་ཝ་ཁྲི་5700ཟིན་ཡོད། ཉག་ཆུའི་འབབ་རྒྱུད་དུ་“ཆུ་དང་གློག འོད། གསོག་ནུས། ཆིང་ནུས། རྩིས་ནུས་”བཅས་གཞི་གཅིག་ཅན་གྱི་འཕེལ་རྒྱས་དམིགས་ཡུལ་དུ་བཟུང་ཡོད་པ་དང་། སྔོན་དཔག་བྱས་ན་2035ལོར་རྐྱེན་གཙོ་བོ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་ཚར་བ་བྱ་རྒྱུ་ཡིན་པ་རེད། 2026ལོའི་དུས་ཚིགས་དང་པོའི་བར་རྒྱལ་ཡོངས་སུ་སྒྲིག་སྦྱོར་བྱས་པའི་ཆུ་གློག་འཕྲུལ་འཁོར་གྱི་གློག་འདོན་ཚད་ཁྱོན་སྡོམ་སྟོང་ཝ་དུང་ཕྱུར་4.5ཟིན་ཡོད།
















