རང་རྒྱལ་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་ནུས་ཆེའི་ངང་བཀོད་སྒྲིག་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཐག་ཉེ་སར་ནད་བརྟག་དང་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་རྒྱུ་ཡིན་པ།
2026-04-10 09:48:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རིམ་དབྱེ་སྨན་བཅོས་མ་ལག་མགྱོགས་མྱུར་འཛུགས་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག་》ཅེས་པ་པར་འགྲེམས་བྱས་པ་དང་། ཕྱོགས་བཞིའི་ཐད་ཀྱི་དམིགས་སའི་རང་བཞིན་གྱི་བྱ་ཐབས་ཁག་13བཏོན་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐོན་ཁུངས་ནུས་ཆེའི་སྒོ་ནས་བཀོད་སྒྲིག་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་ཐག་ཉེ་སར་ནད་བརྟག་དང་སྨན་བཅོས་བྱེད་པའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
མིག་སྔར་རང་རྒྱལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར། ན་ནིང་རང་རྒྱལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་བརྟག་སྨན་བཅོས་བྱས་པའི་མི་ཐེངས་ཀྱིས་ལོ་ཧྲིལ་པོའི་རྒྱལ་ཡོངས་ཀྱི་ནད་བརྟག་སྨན་བཅོས་བྱས་པའི་མི་ཐེངས་ཀྱི་བཟུང་ཚད་དེ་42.6%ཟིན་ཡོད། དེ་དང་ཆབས་ཅིག་དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་མ་ལག་སོགས་ཀྱི་འཚོལ་ཞིབ་ལ་རྒྱུན་མཐུད་ཚད་བརྒལ་བྱུང་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་འཕྲོད་བསྟེན་གོང་འཕེལ་ཞིབ་འཇུག་ལྟེ་གནས་གཞི་རིམ་འཕྲོད་བསྟེན་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲང་ཡན་ཁྲུན་གྱིས། རྫོང་ཁོངས་སྨན་བཅོས་མཉམ་འབྲེལ་མ་ལག་འཛུགས་སྐྲུན་བྱ་རྒྱུ་དེ་མིག་སྔར་རྒྱལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་དང་ཆུས་2199ལ་ཁྱབ་པ་དང་། རྒྱལ་ཡོངས་སུ་རིམ་པ་གཉིས་པ་དང་དེ་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་རིགས་གཅིག་མཁས་ཅན་ཁྲི་7ལྷག་ཙམ་གཞི་རིམ་དུ་ཡུན་རིང་མངགས་གཏོང་བྱས་པས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད།
ཡིག་ཆའི་ནང་། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་བརྟན་དུ་གཏོང་བའི་ལས་གཞི་ཞེས་པ་ལག་བསྟར་བྱ་རྒྱུ་འདེགས་སྐྱོར་དུ་བྱས་ནས། སྨན་བཅོས་འཕྲོད་བསྟེན་མི་སྣ་དང་། ཞབས་ཞུ་གཞི་རིམ་དུ་བསྐྱོད་པ། གཞི་རིམ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་བ་དང་། ད་ཡོད་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྟོང་ཆ་མེད་པར་བཟོ་རྒྱུ་ཁ་གསལ་བཟོས་ཡོད། དམ་ཚགས་ཅན་གྱི་སྨན་བཅོས་མཉམ་འབྲེལ་མ་ལག་གི་སྤུས་ཚད་ལེགས་གཏོང་དང་གཞི་རྒྱ་ཆེ་རུ་གཏོང་བ་དང་། སྨན་བཅོས་དང་། གཉེར་སྤྱོད། ཆ་འཕྲིན་དོ་དམ་བཅས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་ལོ་2030ལོར་སླེབས་སྐབས། དམ་ཚགས་ཅན་གྱི་སྨན་བཅོས་མཉམ་འབྲེལ་མ་ལག་དམ་འཛིན་བྱེད་སར་བྱས་པའི་རིམ་དབྱེ་སྨན་བཅོས་མཐུན་སྦྱོར་ལམ་སྲོལ་གཞི་རྩའི་ཆ་ནས་འཛུགས་དགོས། དེ་དང་ཆབས་ཅིག་ཏུ་དམ་ཚགས་ཅན་གྱི་སྨན་བཅོས་མཉམ་འབྲེལ་མ་ལག་ནང་གི་སྨན་བཅོས་ཐོན་ཁུངས་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་དགོས། སྣེ་ཁྲིད་སྨན་ཁང་གིས་སྨན་བཅོས་སྤུས་ཚད་ཚོད་འཛིན་གྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤུས་ཚད་ཚོད་འཛིན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་དམ་ཚགས་ཅན་གྱི་སྨན་བཅོས་མཉམ་འབྲེལ་མ་ལག་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ནས་ཐོག་མར་སྨན་བཅོས་བྱས་རྗེས་ནད་པ་སྨན་ཁང་བརྗེ་པོ་བརྒྱབ་ནས་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་དགོས་པ་དང་། སྣེ་ཁྲིད་སྨན་ཁང་གིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་བསྡུར་ཚད་ངེས་ཅན་གྱི་ཨང་གྲངས་དང་ཉལ་ཁྲི་སྔོན་ཉར་བྱེད་པ་མ་ཟད། གཞི་རིམ་ནས་སྨན་ཁང་བརྗེ་པོ་བརྒྱབ་ནས་སྨན་བཅོས་བྱེད་པར་ཡོང་མཁན་ནད་པ་དུས་ཐོག་ཏུ་དང་ལེན་བྱེད་དགོས་ཞེས་བཏོན་ཡོད།
















