ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་གི་མང་ཚོགས་ཀྱིས་གསར་བརྗེའི་གནས་ལྗོངས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཤིང་རྗེས་དྲན་སེམས་འདུན་དེ་འབད་བརྩོན་གྱི་སྟོབས་ཤུགས་སུ་སྒྱུར་བ།

2026-04-07 15:58:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དྭངས་གསལ་གུང་གསེང་རིང་། ས་གནས་ཁག་གི་གསར་བརྗེའི་ཡུལ་སྐོར་རྒྱུན་མཐུད་ངང་འཁྲུག་ཏུ་ཕྱིན་ཞིང་། མི་རྣམས་ཀྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་ཏེ་རྗེས་དྲན་སེམས་འདུན་དེ་འབད་བརྩོན་གྱི་སྟོབས་ཤུགས་སུ་སྒྱུར་བཞིན་ཡོད།   
《དབྱི་མེང་རི་བོའི་གཞས་ཆུང་》ཞེས་པའི་གླུ་གཞས་ཐོན་ཡུལ་ཧྲན་ཏུང་ལིན་དབྱི་ཧྥེ་རྫོང་གིས་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་འགྲོ་སྐྱོད་རྣམ་པའི་ཡུལ་ལྗོངས་མཉམ་འགུལ་འཁྲབ་རྩལ་རིམ་སྤོར་བྱས་ཏེ་གསོན་ཉམས་ལྡན་པའི་འཁྲབ་ཆས་དང་། ཡིད་དབང་འཕྲོག་པའི་འཁྲབ་རྩལ། ཞིབ་ཚགས་པའི་འཁྲབ་སྟོན་བཅས་ལ་བརྟེན་ནས་ཡུལ་སྐོར་བ་ཚོས་དངོས་སུ་ཉན་པ་དང་། དངོས་སུ་ལྟ་བ། དངོས་སུ་མྱོང་བ་བཅས་ཀྱི་ཐོག་ནས་གསར་བརྗེའི་དྲན་ཤེས་དང་དབྱི་མེང་གི་སྙིང་སྟོབས་ཚོར་ཐུབ་པ་བྱས་ཡོད། ཡུལ་སྐོར་བ་ཀྲང་མེ་རོང་གིས་འདི་ནི་སྙིང་སྟོབས་ཤིག་ཡིན་པ་ཚོར་བྱུང་། ན་གཞོན་ཞིག་ཡིན་པའི་ངོས་ནས་བརྗོད་ན། ངའི་བསམ་པར་ངེས་པར་དུ་སྙིང་སྟོབས་དེ་རྒྱུན་འཛིན་བྱས་ནས་འབད་བརྩོན་ཡག་པོ་བྱེད་དགོས་ཞེས་བརྗོད་ཡོད།  
གུང་གསེང་རིང་། ཧྲན་ཤིས་ཏ་ཐུང་ལིང་ཆིའུ་རྫོང་དུ་གནས་པའི་ཕིང་ཤིང་ཀོན་རྒྱལ་ཁ་ཆེན་མོའི་དྲན་གསོ་ཁང་དུ་ཡུལ་སྐོར་གྱི་མཐོ་རླབས་ཤིག་འཕྱུར་ཡོད། ལྟད་མོ་བ་ཚོས་ལོ་རྒྱུས་རིག་དངོས་དང་། འགྲེམས་སྟོན་དཔྱད་ཡིག འགྲེལ་བཤད་པའི་འགྲེལ་བརྗོད་བཅས་བརྒྱུད་དམག་སྡེ་བརྒྱད་པའི་དཔོན་དམག་རྣམས་ཀྱིས་དགྲ་བོ་སྟོབས་ཆེན་ལ་མ་སྐྲག་པར་ཁྲག་འདོན་འབད་འཐབ་བྱས་པའི་དཔའ་བོའི་སྙིང་སྟོབས་ལ་ཚོར་ཤེས་ཟབ་མོ་བྱུང་ཡོད་ཅིང་། ཕིང་ཤིང་ཀོན་རྒྱལ་ཁའི་དྲན་གསོ་ཁང་གི་འགྲེལ་བརྗོད་པ་ཅིང་ཅེ་ཡུས་ཀྱིས་ཡུལ་སྐོར་བ་ཁག་གཅིག་གིས་གུས་བཀུར་གྱི་བསམ་པའི་ཐོག་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བར་ཡོང་བ་མཐོང་སྐབས་ང་རང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། ངས་ཚང་མར་ཕིང་ཤིན་ཀོན་གྱི་རྒྱལ་ཁ་ཆེན་པོའི་ངོ་མཚར་ལོ་རྒྱུས་ཡང་ཡང་བཤད་ཀྱི་ཡོད་ལ། ཡུལ་སྐོར་བ་ཚོས་ནན་ཏན་ངང་ཉན་བཞིན་ཡོད་པ་དང་ལྷག་པར་དུ་ཕྲུ་གུ་ཚོའི་མིག་ལས་གུས་བཀུར་གྱི་རྣམ་འགྱུར་གྱིས་མངོན་ཡོང་གི་འདུག་ཅེས་བརྗོད་པ་རེད། 
དྲན་གསོ་ཁང་གི་ཤར་ངོས་ཀྱི་དྲན་གསོའི་རྡོ་རིང་མདུན་དུ་ཡུལ་སྐོར་བ་ཚོས་རང་འགུལ་ངང་གུས་འདུད་ཞུ་བ་དང་ངག་བསྡམས་མྱ་ངན་ཞུས་ཏེ་སྒམ་ནན་དང་བབ་ཆགས་པའི་བྱེད་ཐབས་ཐོག་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུ་བཞིན་ཡོད།  ཡུལ་སྐོར་བ་ཅང་ཁྲེང་གིས་ཕྲུ་གུར་གསར་བརྗེའི་སློབ་གསོ་དངོས་སུ་དང་ལེན་བྱེད་དུ་འཇུག་པ་དང་། གསར་བརྗེའི་སྔོན་བྱོན་པ་ཚོའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དངོས་སུ་མྱོང་ཐུབ་པ་བྱས་ཏེ། བདེ་སྐྱིད་ཀྱི་འཚོ་བ་ལས་སླ་པོར་བྱུང་བ་ཞིག་མིན་པ་ཕྲུ་གུར་ཤེས་སུ་འཇུག་རྒྱུ་དང་འཚར་ལོངས་བྱུང་རྗེས་རྒྱལ་ཁབ་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་ཡོད། 
ཅང་ཤིས་རུའེ་ཅིན་དུ་གནས་པའི་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་གནས་ཀྱི་གནས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཚོས་གསར་བརྗེའི་གནས་ཡུལ་རྙིང་པར་མཇལ་ཞིང་། གསར་བརྗེའི་གཏམ་རྒྱུད་ལ་ཉན་པ་དང་། དྲན་གསོའི་མེ་ཏོག་འབུལ་བ། ངག་བསྡམས་མྱ་ངན་ཞུ་བ་བཅས་བྱས་ཏེ་རིག་དངོས་རེ་རེ་དང་ལོ་རྒྱུས་རེ་རེའི་ཁྲོད་ནས་སུའུ་ཝེ་ཨེད་ས་ཁུལ་གྱི་སྙིང་སྟོབས་ལ་ཚོར་ཤེས་བྱེད་བཞིན་ཡོད།  ཡུལ་སྐོར་བ་ཀྲའོ་མན་མན་གྱིས་ཕྲུ་གུས་《ཆུ་འཐུང་སྐབས་ཁྲོན་པ་བརྐོ་མཁན་བརྗེད་མི་རུང་》ཞེས་པའི་སློབ་ཚན་དེ་སྦྱངས་རྗེས་ཁོང་འདི་གར་ཁྲིད་ཡོང་པ་ཡིན། ཕྲུ་གུར་དམར་དམག་གི་དེའི་སྔའི་དཀའ་ངལ་ཆེ་བའི་འཚོ་བ་ཚོར་ཐུབ་པ་བྱས་ཏེ་ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་དང་། སློབ་སྦྱོང་ཧུར་ཐག་བྱས་ཏེ་སླད་ཕྱིན་མེས་རྒྱལ་ལ་དྲིན་ལན་འཇལ་དུ་འཇུག་རྒྱུ་ཡིན་ཞེས་བཤད་ཡོད། 
རུའེ་ཅིན་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་དྲན་གསོ་ཁང་གི་ཡེ་ཕིང་གནས་ཡུལ་རྙིང་པའི་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་ཏེང་ཀྲང་ཧྲན་གྱིས་གནས་ལྗོངས་ཁུལ་གྱིས་ཧུར་ཐག་ངང་ཡུལ་སྐོར་ཉམས་ལེན་ལེགས་སུ་བཏང་ནས་འགྲེམས་སྟོན་བྱེད་སྟངས་གསར་གཏོད་དང་འགྲེལ་བརྗོད་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་བརྒྱུད། གསར་བརྗེའི་གཏམ་རྒྱུད་སྔར་བས་གསོན་ཉམས་དང་ལྡན་པར་འགྱུར་གང་ཐུབ་བྱེད་ཀྱི་ཡོད། ང་ཚོས་ལོ་ལྟར་ཡུལ་སྐོར་བ་མང་པོ་ཞིག་འདི་གར་གསར་བརྗེའི་གནས་རྙིང་ལ་ལྟ་སྐོར་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། རླབས་ཆེན་གྱི་སུའུ་ཝེ་ཨེད་ཁུལ་གྱི་སྙིང་སྟོབས་ཚོར་བ་བཅས་བྱེད་པར་ཡོང་ནས་སྙིང་སྟོབས་བསྡུ་ལེན་དང་། གསར་བརྗེའི་ཁྲག་རྒྱུན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་མདུན་སྐྱོད་གང་ལེགས་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་གནང་འདུག

中央广播电视总台 央广网 版权所有

ས་གནས་ཁག་གི་མང་ཚོགས་ཀྱིས་གསར་བརྗེའི་གནས་ལྗོངས་སུ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ཤིང་རྗེས་དྲན་སེམས་འདུན་དེ་འབད་བརྩོན་གྱི་སྟོབས་ཤུགས་སུ་སྒྱུར་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དྭངས་གསལ་གུང་གསེང་རིང་། ས་གནས་ཁག་གི་གསར་བརྗེའི་ཡུལ་སྐོར་རྒྱུན་མཐུད་ངང་འཁྲུག་ཏུ་ཕྱིན་ཞིང་། མི་རྣམས་ཀྱིས་སྔོན་གཤེགས་དཔའ་བོར་དྲན་གསོ་ཟབ་མོ་ཞུས་ཏེ་རྗེས་དྲན་སེམས་འདུན་དེ་འབད་བརྩོན་གྱི་སྟོབས་ཤུགས་སུ་སྒྱུར་བཞིན་ཡོད།