ཁྱིམ་ཚང་ནང་གི་གཏུམ་སྤྱོད་ཕོག་པའི་དབང་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་རྒྱག་མཁན་ལ་ཞིབ་དཔྱོད་ལས་ཁུངས་ནས་རྒྱབ་རྩ་བྱ་རྒྱུ་རེད་འདུག
2026-03-25 14:55:00 责编:卓玛才让
ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གསལ་པོར་བསྟན་པར། དམངས་དོན་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་། རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་འདོད་ཀྱང་རང་ཉིད་ཀྱི་ཞུ་གཏུག་བྱེད་པའི་ནུས་པ་ཞན་པ་དང་། ཞུ་གཏུག་བྱེད་མི་ཕོད་པའམ་རང་ཉིད་གཅིག་པུས་ཞུ་གཏུག་བྱེད་མི་ཐུབ་པ་དེ་འདྲ་ཡོད་ཚེ། ཞིབ་དཔྱོད་ལས་ཁུངས་ནས་ཁོ་ཚོས་ཁྲིམས་ལྟར་ཞུ་གཏུག་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད་འདུག
རྒྱབ་སྐྱོར་བྱ་ཡུལ་དེ་དག་ཁྲོད། ཁྱིམ་ཚང་ནང་གི་གཏུམ་སྤྱོད་ཕོག་མཁན་རྣམས་ནས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་གཏུག་བྱེད་པའམ། གུན་གསབ་རེ་ཞུ་བྱེད་པ། ཡང་ན་མིའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་ཞུ་འབུལ་མཁན་རྣམས་དང་། གླ་ཆ་མ་རག་པའི་ཞིང་པ་ལས་མིས་གླ་ཆ་ལེན་ཐབས་བྱེད་པ། ཞབས་ཏོག་གྲོན་དངུལ་དང་གསོ་སྐྱོང་གྲོན་དངུལ་མ་རག་པའི་རྒན་རྒོན་གྱིས་བུ་ཕྲུག་ས་ནས་གྲོན་དངུལ་དེ་དག་ལེན་ཐབས་བྱེད་པ། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་དབང་པོ་སྐྱོན་ཅན་དང་། ནར་མ་སོན་པའི་མི། དམག་མི་དང་དམག་མིའི་བཟའ་ཟླ་བུ་ཕྲུག དེ་བཞིན་སྔོན་གཤེགས་དཔའ་བོའི་ཁྱིམ་མི་བཅས་ཀྱིས་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཐོབ་ཐབས་བྱེད་པ་བཅས་ཚུད་ཡོད་པ་རེད།
གོང་གསལ་མི་རྣམས་ལ་ཞུ་གཏུག་ཐད་ཀྱི་དཀའ་ངལ་འཕྲད་ཚེ། ཞིབ་དཔྱོད་ལས་ཁུངས་ལ་དམངས་དོན་གཏུག་བཤེར་ཐད་ཀྱི་རོགས་སྐྱོར་བྱ་རྒྱུའི་རེ་ཞུ་ཕུལ་ཆོག་གི་ཡོད་པ་དང་། རེ་ཞུ་འབུལ་སྐབས་རེ་ཞུའི་ཡི་གེ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། དེ་བཞིན་དཔང་རྟགས་སོགས་སྟོན་དགོས་ཀྱི་ཡོད་པ་རེད།
















