འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔྱིད་ཀྱི་དཔལ་མོའི་བཞིན་དཔལ་བཞད་པ་དང་བསྟུན་ནས་རྩྭ་རྩི་ཤིང་གཉིད་ལས་བསད་པར་བྲེལ་བཞིན་ཡོད། དཔྱིད་དུས་ཕྱི་རོལ་དུ་འཆམ་འཆམ་ལ་བསྐྱོད་པ་དང་། མཛེས་པའི་མེ་ཏོག་ལ་བལྟ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ས་གནས་ཁག་གིས་ས་གནས་དེ་གའི་ཐོན་ཁུངས་དང་རིག་གནས་ཀྱི་ནང་དོན་ཟུང་འབྲེལ་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་ལས་རིགས་མང་པོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་རྒྱུན་མཐུད་ངང་སྐུལ་སྤེལ་བྱེད་བཞིན་ཡོད།
མིག་སྔར་ཨན་ཧུའེ་ཧོ་ཧྥེ་གྲོང་ཁྱེར་ཧྥེ་ཞི་རྫོང་ཕའེ་ཡོན་གླིང་ཁུལ་ནང་གི་ཨེར་ཡུའེ་ལན་དང་པད་ཁའི་མེ་ཏོག་གཅིག་ལ་གཅིག་འགྲན་ངང་བཞད་ནས། ཡུལ་སྐོར་བ་མང་པོ་དེ་གར་ཡོང་ནས་མཛེས་པའི་མེ་ཏོག་སོགས་ཀྱི་ཡུལ་ལྗོངས་ལ་བལྟ་བར་ཡིད་དབང་བཀུག་ཡོད། ཕའེ་ཡོན་གླིང་ཁུལ་གཉེར་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཚའེ་ཁྲོན་ཝུའེ་ཡིས། འདི་ལོའི་མེ་ཏོག་ལ་ལྟ་བའི་དུས་ཚིགས་འགོ་ཚུགས་པ་ནས་བཟུང་། ཡུལ་སྐོར་བ་ཁྲི་5ལས་བརྒལ་བ་སླེབས་ཤིང་། སྔོན་དཔག་བྱས་ན་མེ་ཏོག་ལྟ་བའི་དུས་ཚིགས་ཧྲིལ་པོར་རིག་གནས་ཡུལ་སྐོར་འཛད་སྤྱོད་སྒོར་བྱེ་བ་གཅིག་ཙམ་ཟིན་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད།
ཐུང་ལིང་གྲོང་ཁྱེར་ཕུའུ་ཅི་ཝེ་ཞིང་རར། པད་ཁའི་མེ་ཏོག་མུའུ་7000ལྷག་ཙམ་རྣམ་པར་བཞད་ནས་གསེར་མདོག་གི་མཛེས་ལྗོངས་ཤིག་གྲུབ་ཡོད། ཡུལ་སྐོར་བ་ཚོས་མེ་ཏོག་གི་འགྲམ་དུ་བསྐྱོད་ནས་མེ་ཏོག་ལ་ལྟད་མོ་བལྟ་བ་དང་དྲན་རྟེན་འདྲ་པར་ལེན་པ་སོགས་ལ་བརྟེན་ནས་ཞིང་སྡེའི་དཔྱིད་དཔལ་གྱི་མཛེས་པ་ཉམས་སུ་མྱོང་བཞིན་ཡོད། ཞིང་རའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱི་འགན་འཁུར་བ་ཧའོ་དབྱིང་ཧུའུ་ཡིས། ཞིང་ལས་+རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་གྱི་བལྟས་ཙམ་བྱས་ཏེ་ཕྱིར་ལོག་འགྲོ་བའི་རྣམ་པ་རྐྱང་པ་དེར་འགྱུར་ལྡོག་བཏང་ནས། མེ་ཏོག་ལ་ལྟ་བའི་དཔལ་འབྱོར་དེ་ཉམས་ལེན་དཔལ་འབྱོར་ཕྱོགས་སུ་གོང་འཕེལ་བཏང་ཡོད་ཅེས་ངོ་སྤྲོད་གནང་ཡོད། ཧའོ་དབྱིན་ཧུའུ་ཡིས། ང་ཚོས་དུས་བཞིའི་དབྱེ་བ་གཞིར་བཟུང་། ད་ལྟའི་དཔྱིད་ཀར་པད་ཁའི་མེ་ཏོག་ལ་ལྟ་བ་དང་། དབྱར་ཁར་ཤ་སྨི་འབྲུག་དབྱིབས་མ་འཛིན་པ། སྟོན་ཁར་སྟོན་བསྡུ་བྱེད་པ། དགུན་ཁར་ཉ་སོས་པ་ཟ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས། རྒྱ་ཆེའི་ཡུལ་སྐོར་བར་དུས་བཞི་དབྱེ་བ་ཡོད་པའི་ཉམས་ལེན་བྱེད་ས་མཁོ་འདོན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
སི་ཁྲོན་ཙི་ཀུང་དུ་གནས་པའི་ཀྲུང་ཧྭ་ཚོན་ཁྲ་ཅན་གྱི་གློག་སྒྲོན་འཛམ་གླིང་མཛེས་ལྗོངས་ཁུལ་དུ་སྐབས་སོ་གཉིས་པའི་ཙི་ཀུང་རྒྱལ་སྤྱིའི་སྲིན་འབྲུག་གློག་སྒྲོན་འདུ་ཚོགས་སྔར་བཞིན་ལས་གཉེར་བྱེད་བཞིན་ཡོད་པས། ཡུལ་སྐོར་བ་འབོར་ཆེན་ཞིག་གི་ཡིད་དབང་བཀུག་ཡོད། འདི་ལོ་གློག་སྒྲོན་འདུ་ཚོགས་ཀྱིས་ཁྱོན་ཡོངས་ནས་རིམ་སྤོར་བྱས་པའི་གློག་སྒྲོན་ཚོགས་ཆུང་ཕུད། ད་དུང་ཞིམ་ཟས་དང་། སི་ཁྲོན་གྱི་རིམ་འདས་སྤོ་ལོའི་འགྲན་བསྡུར། དར་སྲོལ་ཆེ་བའི་རྩེད་མོ་རྩེ་ས་སོགས་ཀྱི་གཞི་རྒྱུ་བསྣན་ནས། ཡུལ་སྐོར་བར་གློག་སྒྲོན་ལ་བལྟ་བ་+དངོས་ཟོག་ཉོ་བ་+སྤྱི་ཚོགས་འབྲེལ་འདྲིས་བཅས་བྱེད་པའི་སྡེབ་གཅིག་རྣམ་པའི་མྱོང་བ་སྦྱིན་ཡོད། མིག་སྔའི་བར། ཀྲུང་ཧྭ་ཚོན་ཁྲའི་གློག་སྒྲོན་འཛམ་གླིང་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ས་ཡ་གཅིག་དང་གསུམ་འབུམ་དྲུག་ཁྲི་ཙམ་ལ་སྣེ་ལེན་ཞུས་པ་དང་། ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ལས་བརྒལ་ཡོད། ཙི་ཀུང་གྲོང་ཁྱེར་རིག་གནས་ཡུལ་སྐོར་གོང་འཕེལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཙོའུ་ཡུང་གིས། འདི་ལོའི་གློག་སྒྲོན་འདུ་ཚོགས་ཟླ་བ་གཅིག་གི་སྔ་སྣུར་དུ་འགོ་ཚུགས་པ་མ་ཟད་འགྲེམས་སྟོན་དུས་ཚོད་ནར་འགྱངས་བཏང་ཡོད། དེའི་ཐོག་གྲོང་ཁྱེར་ཡོངས་ཀྱི་ཚོང་དུད་200ཙམ་བསྡུ་སྒྲིལ་བྱས་ནས་སྤྲོ་སྣང་ལྡན་པའི་སྤ་སེ་སྡེབ་སྤྱོད་མནའ་འབྲེལ་བཙུགས་ཡོད། དེ་དང་ཆབས་ཅིག་ཚྭ་དང་། འབྲུག གློག་སྒྲོན་བཅས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ་གསར་སྤེལ་བྱས་ནས། ཡུལ་སྐོར་བར་ཙི་ཀུང་གི་གཏམ་རྒྱུད་ཕྱིར་རང་ཁྱིམ་དུ་འཁྱེར་ཆོག་པ་བཟོས་ཡོད་ཅེས་གསུངས་ཡོད།