ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་བྱས་ཏེ། འབྱུང་ཁམས་མཛེས་པའི་ཁྱིམ་གཞིས་སྲུང་།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2026ལོའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དང་། འབྱུང་འགྱུར་ནུས་རྒྱུ་དེ་འབྱུང་འགྱུར་ཐོན་ལས་གསོ་སྐྱོང་གི་མིང་ཐོའི་ནང་ཐོག་མར་བཅུག་པ། ཐཱན་འབུད་པའི་ཤུགས་ཚད་དེ་ལོ་འཁོར་གྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ལ་གྱུར་ཡོད། ཉིན་ཤས་བསྟུད་མར། འཐུས་མི་དང་ཨུ་ཡོན་ཚོས་སྦགས་མེད་ཐཱན་ཉུང་གོང་འཕེལ་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ། ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་གྱི་མདུན་ལྗོངས་གསར་པ་མཉམ་དུ་བྲིས་ཡོད།
ནུས་རྒྱུ་ཟད་གྲོན་གྱི་ཚོད་འཛིན་གཉིས་ནས་ཐཱན་འབུད་ཚད་ཀྱི་ཚོད་འཛིན་གཉིས་བར་དང་། སྤྱོད་ཚད་དོ་དམ་ནས་འབུད་ཚད་དོ་དམ་བར་ནི་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་བསྟན་པའི་འཕོ་འགྱུར་གཏིང་ཟབ་ཅིག་རེད། སྙན་ཞུའི་ནང་། ཐཱན་འབུད་ཚད་བསྡོམས་འབོར་དང་ཤུགས་ཚད་གཉིས་ཀ་ཚོད་འཛིན་གྱི་ལམ་ལུགས་ལག་བསྟར་བྱ་རྒྱུ་ཁ་གསལ་བཏོན་པ་མ་ཟད། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྡེ་ཚན་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་3.8%ཙམ་ཉུང་དུ་གཏོང་རྒྱུ་དེ་ལོ་འཁོར་གྱི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དུ་ཐོག་མར་བརྩི་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལི་ཝུའེ་ཡིས། ནུས་རྒྱུའི་གསར་བརྗེ་དེས་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་པ་བསྐྱར་དུ་གཏོད་རྒྱུར་སྒུལ་ནུས་གསར་རྐྱང་སྣོན་བཞིན་ཡོད། ཕུགས་ལ་བསམ་བློ་གཏོང་བའི་ཇུས་འགོད་དང་སྲིད་ཇུས་ཀྱི་ཁྲིད་སྟོན་ཁག་གཅིག་ལ་ཤུགས་སྣོན་བརྒྱབ་པ་དང་། བེད་སྤྱོད་ཆོག་པའི་ཉེར་སྤྱོད་རྣམ་པ་མཁོ་འདོན་བྱས་ཏེ། འབྱུང་འགྱུར་ནུས་རྒྱུ་དེ་ལག་རྩལ་རིམ་འཇུག་ནས་འཐུས་ཚང་གི་སྟེགས་བུའི་ཕྱོགས་སུ་བསྐྱོད་ཐུབ་པར་བྱས་ཡོད།
སྦགས་མེད་ཐཱན་ཉུང་དཔལ་འབྱོར་དེ་སྤྱི་ཁོག་སྲིད་ཇུས་ཀྱི་ངོས་ནས་གཤམ་ཁྲོད་དུ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱས་ཏེ། བྱེ་བྲག་ཁྲོམ་རའི་གཙོ་གཟུགས་དང་ཐོན་སྐྱེད་ཚན་པའི་ནང་མཉམ་འདྲེས་གཏིང་ཟབ་ཡོང་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཏིང་ཧྲི་ཆི་ཡིས། སྲོལ་རྒྱུན་ཐོན་ལས་ཀྱི་སྦགས་མེད་རིམ་སྤོར་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ང་ཚོས་སྲོལ་རྒྱུན་ཐོན་ལས་གསར་གཏོད་ཀྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་བརྗེ་སྒྱུར་རིམ་སྤོར་གྱི་འགག་རྩའི་ལྟེ་བའི་ལག་རྩལ་ལ་དམིགས་པ། གཏེར་སྙིགས་ཕྱོགས་བསྡུས་བེད་སྤྱོད་དང་སྦགས་མེད་ཐཱན་ཉུང་བཙོ་སྦྱང་སོགས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་གནང་ཡོད།
སྔོ་ལྗང་རི་ཆུ་གསེར་རི་དངུལ་རིར་འགྱུར་བའི་ཐབས་ལམ་ནི་རིན་ཐང་སྣ་མང་ཅན་དུ་མངོན་འགྱུར་བྱ་རྒྱུར་ཐུག་ཡོད། སྙན་ཞུའི་ནང་ནགས་འོག་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་། འབྱུང་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་ཁ་གསལ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མུའུ་རུང་ཁུན་གྱིས། གསར་གཏོད་བྱས་པའི་ཧྥན་ཅིང་འབྱུང་ཁམས་ཐོ་ཁོངས་ཀྱིས་མཁའ་རླུང་ལ་རིན་གོང་ཡོད་པ་དང་། ཡིད་རྟོན་དངུལ་སྨར་དུ་འགྱུར་ཐུབ་ཅེས་ངོ་སྤྲོད་གནང་ཡོད། ཁོང་གིས། ང་ཚོའི་མང་ཚོགས་ཚོས་རྩི་ཤིང་འདེབས་འཛུགས་བྱེད་པ་དང་། ས་རྒྱུར་སྲུང་སྐྱོབ་ཡག་པོ་བྱས་ན། མང་ཚོགས་དེ་གའི་འབྱུང་ཁམས་རྩིས་ཐོའི་ནང་ཡིད་རྟོན་ཆ་བསགས་གསོག་ཐུབ་ཅིང་། དངུལ་བུན་གྱི་འབོར་གྲངས་མང་དུ་འགྲོ་ཐུབ་པ་དང་། སྐྱེད་ཚད་ཀྱང་མི་གཞན་ལས་དམའ་བ་ཡོང་ཐུབ་ཅེས་གསུངས་ཡོད།
ཀྲེ་ཅང་ཡུས་གྲོང་ཚོར། རི་བོ་གཉིས་ཀྱི་འདུ་ཤེས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་ཚུགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཡུས་ཁྲེང་གིས། ང་ཚོས་གྲོང་རྡལ་གཅིག་དང་ཤང་གཉིས་ཀྱི་གྲོང་ཚོ་24མཉམ་འགུལ་བྱས་ནས་གོང་འཕེལ་བཏང་སྟེ། ས་ཡ་རིམ་པའི་མཛེས་ལྗོངས་ཁུལ་གཉིས་མཉམ་འགུལ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད་ཅེས་གསུངས་ཡོད།
རྒྱ་མཚོ་ནི་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་འཐབ་ཇུས་ཀྱི་གནས་གལ་ཆེན་ཞིག་ཡིན་ལ། སྦགས་མེད་བརྗེ་སྒྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་ཞིག་ཀྱང་ཡིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཅའོ་ཉན་ཀྲི་ཡིས་ཤར་རྒྱུད་དང་ནུབ་རྒྱུད་མཉམ་འགུལ་གྱི་འཁོར་རྒྱུག་དཔལ་འབྱོར་གྱི་བསམ་ཕྱོགས་གསར་པ་ཞིག་བཏོན་ཡོད། ཅའོ་ཉན་ཀྲི་ཡིས། ཤར་རྒྱུད་རྒྱ་མཚོ་དང་བར་ཐག་ཉེ་བའི་མཚོ་ཁོངས་སུ་མཚོ་སྐྱེས་སྔོ་རིགས་གསོ་བ་དང་། དེ་ལས་བླངས་པའི་དངོས་པོ་རྣམས་ནུབ་རྒྱུད་འབྲོག་ལས་སུ་ཕྱུགས་རིགས་ཀྱི་གཟན་རྩྭར་བྱས་ན། ཕྱུགས་རིགས་ཕྱི་ཕྱོགས་སུ་འཚོ་བར་འགྲོ་མི་དགོས་པས། ས་ཆུ་ཤོར་རྒྱུ་ཉུང་དུ་འགྲོ་གི་རེད་ཅེས་གསུངས་ཡོད།
སྙན་ཞུའི་ནང་བྱང་གསུམ་ལས་གྲྭའི་འགག་སྒྲོལ་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆི་ཧྥེ་ཡུན་གྱིས། ཐཱན་འདུས་ཉོ་ཚོང་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས། འབྱུང་ཁམས་ཀྱི་རིན་ཐང་དེ་བས་ལེགས་པའི་སྒོ་ནས་མངོན་འགྱུར་ཐུབ་པ་བྱེད་དགོས་པའི་གྲོས་འཆར་བཏོན་གནང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལིན་ཧའོ་ཡིས། ཡུལ་བབ་དང་བསྟུན་ནས་སྲུང་སྐྱོང་དང་གོང་འཕེལ་གྱི་འཁོར་རྒྱུག་བཟང་པོ་དེ་དོན་དངོས་སུ་འགྱུར་བ་བྱེད་དགོས་པའི་གྲོས་འཆར་བཏོན་གནང་བ་དང་། ཧའེ་ནན་གྱི་ཚ་ཁུལ་ཆར་ནགས་ཡུལ་སྐོར་དང་། ཆར་ནགས་ཞིབ་སློབ། འབྱུང་ཁམས་བདེ་ཐང་གི་ཁམས་གསོ་སོགས་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། ལམ་བུ་ཡང་དག་པར་བཙལ་ན། འབྱུང་ཁམས་ཀྱི་དགེ་མཚན་དེ་གོང་འཕེལ་གྱི་དགེ་མཚན་དུ་བསྒྱུར་ཐུབ་ཅེས་གསུངས་ཡོད།
ལེའོ་ཉིང་ཀྲང་ཝུའུ་རུ། ལོ་70རིང་བྱེ་བཅོས་ཐད་འབད་བརྩོན་བྱས་པ་དེ་སྦགས་མེད་གོང་འཕེལ་གྱི་སྒུལ་ནུས་གསར་པར་འགྱུར་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཤིའུ་དབྱིང་གིས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་གནད་བྱེ་ཁུལ་གྱི་འབྱུང་ཁམས་ཉམས་ཞན་ས་ཁུལ་ལ་དམིགས་ནས་རི་བཀག་ནས་ཕྱུགས་འཚོ་རུ་མི་འཇུག་པའི་ཆེད་དོན་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་བྱས་ནས་འདོན་དགོས་པའི་གྲོས་འཆར་བཏོན་གནང་ཡོད།
ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བར། ཁྲོམ་རའི་ལམ་སྲོལ་གྱི་སྐུལ་ལྕག་དང་ཁྲིད་སྟོན་དགོས་ལ་ཁྲིམས་སྐྱོང་གི་མ་མཐའི་མཚམས་ཐིག་གི་འགྱུར་མེད་ཚོད་འཛིན་དང་ཁ་འབྲལ་ཐབས་མེད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་འབྱུང་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་༼འཆར་ཟིན་༽གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ཁྲའོ་ཡིས། འབྱུང་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་དང་འབྱུང་ཁམས་ལ་གནོད་འཚེ་བཏང་ན་སྐྱིན་ཚབ་འཇལ་བའི་མཐུན་སྦྱོར་སྦྲེལ་མཐུད་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས། སྤྱི་ཕན་གཏུག་བཤེར་+འབྱུང་ཁམས་སྐྱིན་ཚབ་+འབྱུང་ཁམས་སླར་གསོ་བཅས་ཀྱི་སྦྲེལ་མཐུད་དམ་ཚགས་ཤིག་གྲུབ་པར་བྱ་དགོས་པའི་གྲོས་འཆར་བཏོན་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་ས་གསར་པའི་ཐོག་ཕྱོགས་ཡོངས་ནས་སྦགས་མེད་བརྗེ་སྒྱུར་བྱེད་པའི་རྒྱང་སྐྱོད་ལམ་བུ་སྔར་བས་རིང་དུ་གཏོང་བ་དང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་གྱི་བགྲོད་ལམ་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རྒྱ་ཆེར་གཏོང་དགོས། ནམ་མཁའ་སྔར་ལས་གཡའ་དག་པ་དང་། རི་བོ་སྔར་ལས་སྔོ་བ། ཆུ་མོ་སྔར་ལས་དྭངས་བའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དེ་གོམ་པ་རེ་རེའི་ཐོག་ནས་མངོན་འགྱུར་ཡོང་བ་བྱེད་དགོས།
















