སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་གྲ་སྒྲིག་གྲོས་ཚོགས་འཚོགས་པ་དང་། ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ།
2026-03-05 09:46:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༤ཉིན་གྱི་སྔ་དྲོ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གྲ་སྒྲིག་གྲོས་ཚོགས་འཚོགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། གྲོས་ཚོགས་ཐོག་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེན་མོ་བདམས་ཐོན་བྱུང་བ་དང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ད་ཡོད་འཐུས་མི་༢༨༧༨ཡོད། སྤྱི་ཟླ་༣པའི་ཚེས་༣ཉིན་བར། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འཐུས་མི་༢༧༧༣གྱིས་འབྱོར་ཐོ་བཀོད་ཡོད། སྤྱི་ཚེས་༤ཉིན་གྱི་གྲ་སྒྲིག་གྲོས་ཚོགས་ལ་ཞུགས་མཁན་༢༧༦༡ཡོད་པ་དང་། མི་༡༡༧ཚོགས་འདུར་སླེབས་མེད། ཚོགས་ཞུགས་མི་གྲངས་ནི་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
ཀྲའོ་ལེ་ཅིས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པས་ཐག་བཅད་པ་ལྟར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་༢༠༢༦ལོའི་ཟླ་༣པའི་ཚེས་༥ཉིན་སྐོང་འཚོགས་བྱ་རྒྱུ་རེད། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་ལེགས་སྒྲུབ་ཟིན་ཞེས་གསུངས་ཡོད།
ཀྲའོ་ལེ་ཅིས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་མཛུབ་ཁྲིད་དགོངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པར་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ལ་དམ་པོར་དམིགས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་གྱིས་བསྒྲུབ་པ། ཚོགས་ཆེན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱེད་པ། བློ་སེམས་གཅིག་སྒྲིལ་དང་། དམ་འཛིན་དངོས་སྒྲུབ། མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་ཚོགས་ཆེན་ཞིག་འཚོགས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་། སེམས་ཤུགས་ཆེ་རུ་གཏོང་བ། འབད་འབུངས་ཡར་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་འཐབ་བྱེད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་བསྟན་གནང་ཡོད།
གྲ་སྒྲིག་གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས་ཐོན་བྱུང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་ནི་མི་༡༦༧ལས་གྲུབ་པ་དང་། ལི་ཧུང་ཀྲུང་ནི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཡིན་པ་རེད།
བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ། ༢༠༢༥ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་༢༠༢༦ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ། ༢༠༢༦ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་བཅས་ལ་ཞིབ་བཤེར་བྱ་རྒྱུ། ༢༠༢༥ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་༢༠༢༦ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ། ༢༠༢༦ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱ་རྒྱུ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་(འཆར་ཟིན)༽ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་(འཆར་ཟིན)༽ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་(འཆར་ཟིན)ལ༽་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། བཅའ་ཁྲིམས་གཙང་བཤེར་ལས་དོན་གྱི་གནས་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་བཅས་ཡིན་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་། ཝང་ཏུང་མིན། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞོལ་ཁེ་ལའེ་ཐི·ཀྲ་ཁེར་བཅས་དང་། དྲུང་ཆེ་ལིའུ་ཆི་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
















