ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ།

2026-02-06 09:45:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།   ཟླ་2ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་གསལ་འགྲེལ་བྱས་ཤིང་། “ཞིང་གསུམ་”འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་རིམ་སྤོར་བྱས་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་ངོ་སྤྲོད་བྱས་ཡོད། 
ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ཧན་ཝེན་ཞིའུ་ཡིས། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་ཁ་གསལ་བཏོན་ཡོད། ཡིག་ཆའི་ནང་ཐོན་འབོར་དང་ཐོན་ནུས། ཐོན་སྐྱེད་དང་འབྱུང་ཁམས། ཐོན་འཕར་དང་འབབ་འཕར་བཅས་གསུམ་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་ནན་སྟོན་བྱས་ཡོད་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད། གཞན་ད་དུང་། ཐོན་འབོར་གྱིས་གཙོ་ཁྲིད་བྱེད་པ་ནས་ཐོན་འབོར་དང་སྤུས་ཚད་གཉིས་ཀར་མཐོང་ཆེན་བྱེད་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་འདེབས་འཛུགས་གྲུབ་གཞི་དང་ས་ཁོངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། འབྲུ་རིགས་ཀྱི་སྣ་ཁ་ལེགས་འདེམས་ལེགས་གསོ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། ཚོང་ཁ་རྒྱུག་པ་དང་། སྤུས་ཀ་ལེགས་ཤིང་རིན་གོང་འཚམ་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ། རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ཕྱོགས་ཡོངས་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་ནན་སྟོན་བྱས་ཡོད།
ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་ཞིང་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས། ཡོང་འབབ་འཕར་སྣོན་ཡོང་བར་བྱེད་པའི་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་། འབྲེལ་ཡོད་སྲིད་ཇུས་ཁག་གཅིག་ བཏོན་ཡོད། ཞིང་པའི་ཞིང་ལས་བྱེད་པ་དང་འབྲུ་རིགས་འདེབས་པའི་ཡོང་འབབ་བརྟན་པོ་ཡོང་བར་བྱེད་པ་དང་དུས་མཚུངས། ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཝེ་ཏུང་གིས། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ཞིང་པའི་ཐུན་མོང་རྒྱུ་ནོར་གྱི་ཁེ་སྤོགས་མང་དུ་གཏོང་བ་བཅས་བྱེད་དགོས། བེད་མེད་དུ་བཞག་པའི་ས་ཞིང་དང་ཁང་པ་ཁྲིམས་ལྟར་བེད་སྤྱོད་ལེགས་པོ་བྱེད་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ཞིང་པར་རྒྱུ་ནོར་ཁེ་དབང་སྔར་ལས་མང་བ་སྤྲོད་པ། ཆ་རྐྱེན་བསྐྲུན་ནས་ཐབས་ལམ་མང་པོ་བརྒྱུད་དེ་ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས་ཞེས་བསྟན་འདུག
2021ལོ་ནས་2025ལོའི་བར། ཏང་ཀྲུང་དབྱང་གིས་ལོ་5ཡི་བར་བརྒལ་དུས་སྐབས་བཟོས་ནས། དབུལ་གྲོལ་མི་འབོར་དང་དབུལ་གྲོལ་ས་ཁུལ་ལ་མུ་མཐུད་རོགས་སྐྱོར་བྱས་པ་ དང་།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད། ཧན་ཝེན་ཞིའུ་ཡིས། ད་ཆ་བར་བརྒལ་དུས་རིམ་གྱི་ལས་འགན་ལེགས་གྲུབ་ཟིན་པ་དང་། ད་ལོ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་རྒྱུན་རྣམ་ཅན་གྱི་གནད་འཕིགས་རོགས་སྐྱོར་ཞེས་པ་ཐེངས་དང་པོ་བཏོན་ཡོད་ཅེས་ནན་སྟོན་བྱས་ཡོད
ཧན་ཝེན་ཞིའུ་ཡིས་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ལས་ཀའི་འགན་འཁྲི་མུ་མཐུད་ཇེ་དམ་ཇེ་ཟབ་ཏུ་གཏོང་བ་དང་། རྒྱུན་ལྡན་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་གཅིག་གྱུར་འཆར་འགོད་ལག་བསྟར་བྱེད་པའི་ནང་བཅུག་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཐེབས་པ་དང་དབུལ་ཕོངས་སུ་འགྱུར་བའི་གནད་དོན་མི་ཐོན་པར་བྱེད་པའི་མ་མཐའི་མཚམས་ཐིག་ཡུན་རིང་སྲུང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད། 

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་2ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་།