ད་ལོའི་ཞིང་གསུམ་ལས་དོན་གྱི་གཙོ་གནད་གཏན་འཁེལ་འདུག
ཟླ་2ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་པ་དང་། གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་བཏབ་ཡོད།
ཚོགས་འདུའི་ཐོག ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་གཏན་ལ་འཁེལ་བའི་ད་ལོའི་ཞིང་གསུམ་ཁྱབ་ཁོངས་ཀྱི་ལས་འགན་གལ་ཆེན་དང་ལས་དོན་གཙོ་བོ་ངོ་སྤྲོད་བྱས་ཡོད་ཅིང་། ནང་དོན་གཙོ་བོ་མདོར་བསྡུས་ནས་བརྗོད་ན་“གཙོ་གནད་ལས་འགན་ཁག་བཞི་དང་། འདེགས་སྐྱོར་ཆེན་པོ་གཉིས་ཀྱི་འགན་ལེན་”ཞེས་པ་དེ་ཡིན་སྟེ།
དེ་ཡང་གཙོ་གནད་ལས་འགན་ཁག་བཞི་ནི།
གཅིག་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་།
གཉིས་ནས། རྒྱུན་རྣམ་ཅན་གྱི་གནད་འཕིགས་རོགས་སྐྱོར་ལག་ལེན་བསྟར་རྒྱུ།
གསུམ་ནས། ཞིང་པའི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།
བཞི་ནས། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་རེད།
འདེགས་སྐྱོར་ཆེན་པོ་གཉིས་ཀྱི་འགན་ལེན་ནི།
སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཏང་གིས་ཞིང་གསུམ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་གཉིས་ཡིན།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། པ་སངས་ལྷ་མོ།
















