རྒྱལ་ཡོངས་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚའེ་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ།
2026-01-27 15:29:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཚོགས་འདུ་ཚེས་26ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་སྐབས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་བུའི་ཐོག་བསྐྱོད་ནས། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་ཤུགས་ཆེ་རུ་གཏོང་བ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ལས་དོན་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ལས་དོན་གྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་སྟོན་གནང་ཡོད།
ཚའེ་ཆི་ཡིས། བསམ་བློ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་རྒྱུན་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཏང་གི་རྩ་འཛུགས་ཁྱབ་རྒྱ་དང་ལས་ཀའི་ཁྱབ་རྒྱར་སྐུལ་འདེད་གཏོང་བ། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གསར་དར་ཁྱབ་ཁོངས་སུ་ཏང་གི་འབོད་སྐུལ་ནུས་པ་དང་གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཚོགས་སྤྱི་སྣ་ཚོགས་ཀྱི་ཞབས་ཞུའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། འགལ་ཟླ་དང་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་མང་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱེད་པ། གྲོང་ཚོ་དང་སྡེ་ཁུལ་“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། གྲོང་གསེབ་དང་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་ཁུར་པོ་རྒྱུན་མཐུད་ངང་ཇེ་ཆུང་དུ་བཏང་སྟེ། གསོན་ཤུགས་དང་ལས་ཕྱོད་ཀྱིས་ཕྱུག་པའི་གཞི་རིམ་བཅོས་སྐྱོང་གི་མ་ལག་འཛུགས་དགོས། ཡིག་སྐུར་ངོ་བཅར་གྱི་ལས་དོན་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། མི་དམངས་ཀྱི་གྲོས་འགོ་བསྡུ་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ། དང་བླངས་ཞབས་ཞུའི་བྱ་གཞག་གི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་གཅིག་སྡུད་ཀྱི་ཞབས་ཞུའི་ལས་དོན་ཞིབ་ཕྲ་དང་ཏན་ཏིག་སྒོ་ནས་བསྒྲུབ་དགོས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱི་ཚོགས་ལས་དོན་སྡེ་ཚན་གྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་སྟོན་གནང་ཡོད།
















