དངུལ་ལོར་སྲིད་ཇུས་ཀྱིས་གནད་ལ་འཁེལ་བའི་སྒོ་ནས་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།
2026-01-27 15:18:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་ནང་། ཀྲུང་དབྱང་དངུལ་ཁང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་དང་མཐུན་ཞིང་བརྟན་པོ་དང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་མ་ལག་དང་ཁྱོན་ཡོངས་ལ་ཁྱབ་པའི་སྤྱི་ཁོག་གཟབ་ནན་དོ་དམ་མ་ལག་འཛུགས་པ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་འདྲེན་ལམ་སྲོལ་ཤར་གཏོང་བཅས་བྱེད་དགོས་པ་གསལ་པོ་བཏོན་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་འདིར། ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ཀྱིས་ནུས་པ་འདོན་སྤྲོད་ཇི་ལྟར་བྱ་རྒྱུའི་ཐད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན་ཕན་ཀུང་ཧྲེང་ལ་ཆེད་དོན་བཅར་འདྲི་ཞུས་ཡོད།
ཕན་ཀུང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་དང་། ཁྱབ་ཆེའི་དངུལ་ལོར་འགྲེམ་གྲངས་ཚང་མ་མིང་ཐོག་གི་GDPཡི་འཕར་ཚད་ལས་མངོན་གསལ་གྱིས་མཐོ་བ་དང་། དངུལ་རྩའི་སྤྱི་འབོར་ལུགས་མཐུན་ངང་འཕར་སྣོན་ཕྱིན་ཡོད། ཟླ་12པར་གསར་དུ་སྤྲད་པའི་ཁེ་ལས་ཀྱི་དངུལ་བུན་གྱི་དབང་སྣོན་ཆ་སྙོམས་སྐྱེད་ཚད་དང་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་དབང་སྣོན་ཆ་སྙོམས་སྐྱེད་ཚད་ཚང་མ་ཧ་ལམ་3.1%ཡིན་པ་དང་། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་མ་གནས་ཚད་དམའ་བའི་གནས་སུ་འཁོར་སྐྱོད་བྱེད་པ། བུན་འཛིན་ཁྲོམ་རའི“ཚན་རྩལ་ངོས་ལེབ་”ཀྱིས་རིམ་རྩིས་ཐོག་ཚན་རྩལ་གསར་གཏོད་བུན་འཛིན་སྒོར་དུང་ཕྱུར་ཁྲི་1.8འགྲེམས་སྤེལ་བྱས་པ་དང་། མི་དམངས་ཤོག་སྒོར་གྱིས་དངུལ་ལོར་གྱི་དངུལ་བརྗེས་འཛའ་ཐང་རབ་དང་རིམ་པར་ཁ་གཏད་སྐབས་གཞི་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཡོད་པ་དང་། དངུལ་རྩའི་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱས་ཡོད་པ་རེད།
དངུལ་རྩས་གཙོ་གནད་ཁྱབ་ཁོངས་གང་དག་ལ་དམིགས་རྒྱུའི་ཐད། ཕན་ཀུང་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དངུལ་རྩའི་སྒྲིག་གཞིས་ནང་མཁོ་རྒྱ་སྐྱེད་དང་། ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་དང་ཆུང་གྲས་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་དང་། ཞབས་ཞུ་འཛད་སྤྱོད་དང་རྒན་གསོའི་དངུལ་བུན་བསྐྱར་གཏོང་གི་དངུལ་སྒོར་དུང་ཕྱུར་5000བེད་སྤྱོད་ཡག་པོ་བྱས་ནས། འཛད་སྤྱོད་ཁྱབ་ཁོངས་ཀྱི་སྣ་མང་ཅན་གྱི་དངུལ་རྩའི་དགོས་མཁོ་བསྐང་རྒྱུ་ཡིན་པ། ཚན་རྩལ་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་ཀྱི་བསྐྱར་གཏོང་དངུལ་བུན་གྱི་གྲངས་ཚད་སྒོར་དུང་ཕྱུར་ཁྲི་1.2བར་མང་དུ་བཏང་ནས། བུན་འཛིན་ཁྲོམ་རའི་“ཚན་རྩལ་ངོས་ལེབ་”འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
ཕན་ཀུང་ཧྲེང་གིས་གོམ་སྟབས་རྗེས་མར་ད་དུང་དངུལ་རྩའི་ཁྱབ་ཁོངས་ཀྱི་ལམ་ལུགས་རྣམ་པའི་སྒོ་འབྱེད་གཏིང་ཟབ་ཏུ་བཏང་ནས། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།
















