ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་འཛུགས་སྐྲུན་དུས་རིམ་གསར་པར་སླེབས་པ།

2026-01-27 15:16:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་ནི་རྒྱལ་ས་པེ་ཅིང་གི་“གཤོག་ཟུང་”གསར་པའི་གྲས་ཤིག་ཡིན་པ་དང་། ཅིང་ཅིན་ཅི་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་འཐབ་ཇུས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལོ་བཅུའི་རིང་འཛུགས་སྐྲུན་བྱས་པ་བརྒྱུད། འདི་གར་འཆར་འགོད་ཀྱི་“རྨང་གཞི་འདིང་བའི་དུས་མཚམས་”ནས་ནུས་པ་ཆེ་རུ་གཏོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་“དུས་མཚམས་གསར་པར་”སླེབས་ཏེ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རྒྱལ་ས་པེ་ཅིང་གི་བཀྲག་མདངས་འཚེར་བའི་གྲོང་ཁྱེར་གྱི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད། 
མི་རིང་བའི་གོང་། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་ཡིན་པའི་པེ་ཅིང་ཐུང་ཀྲོའུ་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་པ་དང་། “འཁོར་ལམ་ཐོག་གི་ཅིང་ཅིན་ཅི་”ཡི་མཚམས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། དེས་བར་སྟོང་གི་བར་ཐག་སྔར་བས་ཐུང་དུ་བཏང་ནས་ས་ཆ་གསུམ་གྱི་“ཆུ་ཚོད་གཅིག་གི་འཚོ་བའི་བར་ཁམས་”མུ་མཐུད་རྒྱ་ཆེར་བཏང་ཡོད།
པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པས་འཆར་འགོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “རྒྱུད་གཅིག་མདའ་གཅིག་དང་ཚོགས་པ་མང་བའི་”རྣམ་པ་གོ་རིམ་ལྡན་པའི་སྒོ་ནས་བཏོད་ཡོད་པ་དང་། སྲིད་འཛིན་གཞུང་ལས་ཁང་དང་མིས་བཟོས་གཙང་པོའི་ཚོང་དོན་ཁུལ། རིག་གནས་ཡུལ་སྐོར་ཁུལ་སོགས་ནུས་པའི་ཁུལ་རིམ་བཞིན་ཆགས་ཡོད་ཅིང་། གྲོང་ཁྱེར་གྱི་སྒྲོམ་གཞི་ཉིན་རེ་བཞིན་ཁ་གསལ་དུ་ཕྱིན་ཡོད། ཐོན་སྐྱེད་དང་འཚོ་བ། འབྱུང་ཁམས་བར་སྟོང་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ལས་ཀ་དང་སྡོད་གནས། འགྲིམ་འགྲུལ། སྨན་བཅོས་བཅས་འབྲེལ་མཐུད་དམ་ཟབ་བྱས་ཡོད། པེ་ཅིང་གྲོང་ཁྱེར་རིམ་པའི་ལས་ཁུངས་དང་ཁེ་ལས་གཅིག་རྗེས་གཉིས་མཐུད་དུ་ལྟེ་བའི་གྲོང་ཁུལ་ནས་གནས་སྤོས་ཡོད། དེ་གར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་20ལྷག་ཙམ་བཅའ་སྡོད་བྱས་ཡོད་པ་དང་། རིམ་པ་གསུམ་པའི་སྨན་ཁང་8ཀྱིས་མཐའ་འཁོར་གྱི་ཐེན་ཅིན་དང་ཧོ་པེའི་ཆུས་དང་རྫོང་ལ་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་ཀྱི་ཡོད། པེ་ཅིང་ཨན་ཀྲེན་སྨན་ཁང་ཐུང་ཀྲོའུ་སྨན་ཁང་ཁུལ་དུ་འཕྲུལ་མིའི་སྣ་རིགས་28སྒོ་བསྟེན་སྨན་ཁང་དང་ནད་ཁང་། དུག་སེལ་མཁོ་སྤྲོད་ལྟེ་གནས། གཤགས་བཅོས་ཁང་སོགས་ཀྱི་ས་ཁོངས་སུ་སྤྱོད་བཞིན་ཡོད། འཕྲུལ་མིའི་གཞོགས་འདེགས་འོག ནད་པ་95%ཡན་གྱིས་སྐར་མ་5ཡི་ནང་སྨན་རྫས་ལེན་ཐུབ་ཀྱི་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ཆ་སྙོམས་ལོ་རེར་འཕར་ཚད་6%ལས་བརྒལ་ཡོད། ཤར་ཕྱོགས་སྐོར་ལམ་དྲུག་པའི་མྱུར་བགྲོད་ས་འོག་སྦུག་ལམ་ཤར་གཏོང་ཐུབ་ཡོད་པ་དང་། ས་ངོས་སུ་མཐོར་འདེགས་སྤྱི་གླིང་བསྐྲུན་བཞིན་ཡོད། སྤྱི་ལེ་600ཡི་ལྗང་ལམ་གྱིས་ལྷོ་བྱང་སྦྲེལ་མཐུད་བྱས་ཡོད་པ་དང་། མུའུ་ཁྲི་ཡོད་པའི་ནགས་ཚལ་ཚོགས་པ་8ཀྱིས་ཤར་ནུབ་སྦྲེལ་མཐུད་བྱས་ཡོད། མིས་བཟོས་གཙང་པོ་ཆེན་པོའི་པེ་ཅིང་དང་ཧོ་པེའི་དུམ་བུར་ལོ་ངོ་བརྒྱ་ཡི་རྗེས་སླར་ཡང་གྲུ་གཟིངས་ཤར་གཏོང་ཐུབ་ཡོད་པ་དང་། རིག་གནས་སྒྲིག་བཀོད་ཆེན་པོ་གསུམ་གཅིག་སྡུད་ཐོག་བསྐྲུན་ཞིང་། ཚོང་ལས་ཕྱོགས་བསྡུས་མ་ལག་ཆེ་གྲས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་བཙུགས་པས། ལྟེ་བ་ཕལ་པའི་དར་སྲོལ་དང་རླབས་རྒྱུན་གསར་པའི་ཁྱད་ཆོས་མུ་མཐུད་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་དང་། ཐེག་ཤུགས་དང་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པར་ཕྱོགས་སྐབས། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པས་གྲོང་ཁྱེར་གྱི་གསོན་ཤུགས་ལྡན་པའི་ཡུག་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། སྲོལ་རྒྱུན་གྱི་ཚོང་གཉེར་ཁུལ་གསར་སྒྱུར་བསྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་འཛད་སྤྱོད་ཀྱི་འཕར་སྣེ་གསར་པ་གཏོད་རྒྱུ་རེད། རིག་གནས་དང་ཚོང་ལས། ཡུལ་སྐོར། ལུས་རྩལ། ཞིང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་རིམ་པའི་ཡུལ་སྐོར་དམིགས་ས་བསྐྲུན་ནས། སྔར་བས་མཛེས་པ་དང་། སྔར་བས་ནང་རྒྱས། སྔར་བས་སྤུས་ལེགས་བཅས་ཀྱི་དེང་རབས་ཅན་གྱི་གནས་འཕྲོད་ལས་འཚམ་གྱི་གྲོང་ཁུལ་གསར་པ་བསྐྲུན་རྒྱུ་ཡིན་པ་རེད།

中央广播电视总台 央广网 版权所有

པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི་འཛུགས་སྐྲུན་དུས་རིམ་གསར་པར་སླེབས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། པེ་ཅིང་གྲོང་ཁྱེར་གྱི་ལྟེ་བ་ཕལ་པ་ནི་རྒྱལ་ས་པེ་ཅིང་གི་“གཤོག་ཟུང་”གསར་པའི་གྲས་ཤིག་ཡིན་པ་དང་།