2025ལོར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་བརྗེ་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ།
2026-01-23 10:06:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 2025ལོར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་བྱུང་ཞིང་། ཞབས་ཞུའི་འཛད་སྤྱོད་བརྟན་པོའི་ངང་ཆེ་རུ་ཕྱིན་ནས། རྒྱལ་དམངས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་ཕུལ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
2025ལོར། རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་རིན་ཐང་ཐེངས་དང་པོར་སྒོར་དུང་ཕྱུར་ཁྲི་80ལས་བརྒལ་ནས་སྒོར་དུང་ཕྱུར་ཁྲི་80དང་8879ཟིན་ཞིང་། དུས་མཚུངས་ལས་5.4%འཕར་ཡོད། ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་དམངས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་ཕུལ་ཚད་61.4%ཟིན་པ་དང་། ལོ་གོང་མ་ལས་བརྒྱ་ཆའི་གནས་3.7འཕར་ཡོད།
དེང་རབས་ཞབས་ཞུའི་ལས་རིགས་རྒྱུན་མཐུད་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། 2025ལོར། ཆ་འཕྲིན་བརྒྱུད་གཏོང་དང་མཉེན་ཆས། ཆ་འཕྲིན་ལག་རྩལ་བཅས་ཀྱི་ཞབས་ཞུའི་ལས་རིགས་དང་། བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་རིན་ཐང་འཕར་སྣོན་དེ་ལོ་གོང་མའི་ཆ་སྙོམས་དང་བསྡུར་ན་གྲངས་གནས་གཉིས་འཕར་བ་དང་། ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་རིན་ཐང་ཁྱོན་བརྒྱ་ཆའི་གནས་1.7འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
གསར་དར་ཞབས་ཞུའི་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་ཕྱིན་ཡོད། རིག་ནུས་ཅན་དང་གྲངས་འཛིན་ཅན་གྱིས་ཐོན་ལས་བརྗེ་སྒྱུར་རིམ་སྤོར་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་དང་། དེང་རབས་ཞབས་ཞུའི་ལས་རིགས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་མཉམ་འདྲེས་བྱས་པའི་ཕན་འབྲས་མགྱོགས་མྱུར་ངང་ཐོན་ཡོད། གཞན་ཡང་། ཞབས་ཞུའི་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་མགྱོགས་མྱུར་ངང་ལག་ལེན་བསྟར་ནས། ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཐོན་རྒྱུར་སྐུལ་འདེད་ཐེབས་པ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་ཐོན་ནས་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
















