2025ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་ལྗང་མདོག་ཅན་དུ་འཕེལ་རྒྱས་མགྱོགས་སུ་ཕྱིན་པ།
2026-01-23 10:05:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཐང་འཕར་བའི་དཔྱ་ཁྲལ་འཛིན་ཤོག་གསར་ཤོས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་གྱི་རིམ་སྤོར་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་རང་འགུལ་ཅན་དང་གྲངས་འཛིན་ཅན་གྱི་སྒྲིག་ཆས་ཉོ་སྒྲུབ་བྱེད་པའི་དངུལ་འབོར་10%ལྷག་ཙམ་འཕར་ཡོད། དེའི་སྐུལ་ཁྲིད་འོག རིག་ནུས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་དང་བསྡུར་ན་28.1%འཕར་ཡོད་པ་དང་། དེའི་ནང་བཟོ་ལས་འཕྲུལ་མི་དང་དམིགས་བསལ་ལས་སྒྲུབ་འཕྲུལ་མི་བཟོ་སྐྲུན་བྱ་རྒྱུ་དེ་དུས་མཚུངས་ལས་ཁག་སོ་སོར་17.4%དང་42.1%འཕར་ཡོད།
དེ་དང་ཆབས་ཅིག གྲངས་འཛིན་དང་དངོས་ཚན་མཉམ་འདྲེས་བྱ་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། 2025ལོར། རྒྱལ་ཡོངས་ཀྱི་གྲངས་འཛིན་ཐོན་རྫས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་དང་བསྡུར་ན་9.4%འཕར་ཡོད་པ་དང་། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་སྒྲུབ་བྱས་པའི་དངུལ་འབོར་དུས་མཚུངས་དང་བསྡུར་ན་10.4%འཕར་ཡོད་ཅིང་། འཕར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གནས་3.5མགྱོགས་སུ་ཕྱིན་ཡོད།
གཞན་ཡང་། བཟོ་སྐྲུན་ལས་རིགས་ལྗང་མདོག་ཅན་དུ་བརྗེ་སྒྱུར་བྱ་རྒྱུར་ཡང་སྐུལ་འདེད་མགྱོགས་མྱུར་བཏང་ཡོད། 2025ལོར། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱིས་ཁོར་ཡུག་བཅོས་སྐྱོང་གི་ཞབས་ཞུ་ཉོ་སྒྲུབ་བྱས་པའི་དངུལ་འབོར་དུས་མཚུངས་ལས་7.3%འཕར་ཡོད་པ་དང་། ལྗང་མདོག་བཅོས་སྐྱོང་ལ་མ་དངུལ་འཇོག་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་ཆེ་བའི་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་ཀྱིས་བཟོ་སྐྲུན་ལས་རིགས་ནང་བཟུང་བའི་བསྡུར་ཚད་ལོ་གོང་མ་ལས་བརྒྱ་ཆའི་གནས་1.1ཆག་ཡོད་པ་དང་། ཐོན་ལས་གྲུབ་གཞི་མུ་མཐུད་ལེགས་སུ་ཕྱིན་ཡོད། ནུས་ཁུངས་གསར་པའི་འབྲེལ་ཡོད་ཐོན་ལས་ཀྱང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། ནུས་ཁུངས་གསར་པའི་རླངས་འཁོར་བཟོ་སྐྲུན་ལས་རིགས་དང་ལིས་གྱེས་རྡུལ་གློག་རྫས་བཟོ་སྐྲུན་ལས་རིགས་ཀྱི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་ཁག་སོ་སོར་14.3%དང་25.1%འཕར་ཡོད།
















