2025ལོར་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་བརྟན་པོའི་ཁྲོད་ཡར་རྒྱས་དང་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་པ།
2026-01-23 10:02:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཟླ་1ཚེས་22ཉིན་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས། 2025ལོར་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་བརྟན་པོའི་ཁྲོད་ཡར་རྒྱས་དང་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞིའི་འདེགས་སྐྱོར་ཐུབ་ཡོད་ཅེས་བརྗོད་ཡོད།
2025ལོར། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་རང་བྱུང་གནོད་འཚེ་དང་ཁྲོམ་རའི་འཕར་ཆག་སོགས་ཀྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཁྱད་བསད་ཐུབ་སྟེ། མཐོ་གནས་ཐོན་འཕར་དང་ཟིན་ཐོ་མཐོ་ཤོས་བསྐྱར་དུ་བཏོད་ཡོད་པ་དང་། ལོ་གཉིས་བསྟུད་མར་རྒྱ་མ་དུང་ཕྱུར་1ཁྲི་4སྟོང་གི་སྐས་རིམ་དུ་སླེབས་ཤིང་། མུའུ་རེའི་ཐོན་ཚད་མང་དུ་ཕྱིན་པ་དེས་ཐོན་འཕར་ལ་ལེགས་སྐྱེས་ཕུལ་ཚད་90%ལས་བརྒལ་ཡོད།
དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པ་དང་དབུལ་ཕོངས་སུ་མི་འགྱུར་བ་བྱེད་པའི་མཐའ་ཚད་བརྟན་སྲུང་བྱས་ཡོད།
ཞིང་ལས་ཚན་རྩལ་སྒྲིག་ཆས་ཀྱི་འདེགས་སྐྱོར་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན་ཡོད། 2025ལོར། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་7568གསར་སྐྲུན་དང་བསྒྱུར་བཀོད་རིམ་སྤོར་བྱས་ཡོད་པ་དང་། ཞིང་ལས་ལོ་ཏོག་རང་བདག་འདེམས་གསོ་བྱེད་པའི་སྣ་རིགས་ཀྱི་རྒྱ་ཁྱོན་གྱིས་95%ལྷག་ཟིན་པ། རྨོ་འདེབས་དང་རྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་76.7%ཟིན་པ། རིག་ལྡན་ཞིང་ལས་ཉེར་སྤྱོད་རྣམ་པ་ཁྱོན་ཡོངས་སུ་རྒྱ་སྐྱེད་བཏང་ཞིང་། ཞིང་ལས་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་ཕུལ་ཚད་64%ལས་བརྒལ་ཡོད།
དེ་དང་ཆབས་ཅིག གནས་འཕྲོད་ལས་འཚམ་གྱི་མཛེས་ལྡན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24456ཟིན་པ་དང་། དེ་ལོ་གོང་མ་ལས་དོན་དངོས་ཐོག་6%འཕར་ཡོད།
ད་ལོ། རང་རྒྱལ་གྱིས་འབྲུ་རིགས་ཀྱི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་གྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཡུན་ཐིམ་རྗེས་ལོ་ངོ་སུམ་ཅུ་ནར་འགྱངས་བཏང་ནས་ཞིང་ཆེན་ཧྲིལ་པོར་ཚོད་ལྟ་བྱེད་པ། གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བའི་བར་མཐོངས་གསར་སྐྲུན་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་ཚུགས་ཐུབ་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད།
















