ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་གྱིས་སྦགས་མེད་གློག་དང་སྦགས་མེད་རྩིས་ནུས་ལ་བརྟེན་ནས་གོང་འཕེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་པ།

2026-01-23 09:57:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ནུས་རྒྱུའི་མ་ལག་གསར་པ་འཛུགས་མགྱོགས་སུ་གཏོང་བ་དང་སྦགས་མེད་གློག་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་ལ་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཀྱི་བཟང་ཆ་མངོན་གསལ་དོད་པོ་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་ལ་བརྟེན་ནས། མཚོ་སྔོན་གྱིས“སྦགས་མེད་གློག་དང་སྦགས་མེད་རྩིས་ནུས”ཀྱི་མཐུན་སྦྱོར་རྣམ་པ་གསར་གཏོད་བྱས་པས། སྦགས་མེད་གློག་ཕྱིར་སྐྱེལ་བའི་ཁྱབ་ཁོངས་ཞིང་ལྗོངས་དང་གྲོང་ཁྱེར་22བར་རྒྱ་ཆེ་རུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་སྦགས་མེད་རྩིས་ནུས་ཀྱི་མཐོ་ས་གསར་པ་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད། 
རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་མཚོ་སྔོན་ན་གོར་མོའི་བྱེ་ཐང་དུ། གོ་ལ་ཧྲིལ་པོའི་འཕྲུལ་འཁོར་རྐྱང་པའི་གཞི་ཁྱོན་ཆེ་ཤོས་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་54.35ཙམ་བྱས་པའི་འོད་དྲོད་གློག་འདོན་རྣམ་གྲངས་སྟེ། ཁེ་ཧྲེང་ལག་རྩལ་གྱི་ན་གོར་མོའི་ཀྲའོ་ཝ་350ཡི་ཐོ་ལྕོག་རྣམ་པའི་འོད་དྲོད་གློག་འདོན་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད། རྣམ་གྲངས་ཀྱི་སྤྱི་གཉེར་ཐང་ཡ་ཕིང་གིས། རྣམ་གྲངས་དེར་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མཐོ་ལྕོག་རྣམ་པའི་ཚྭ་བཞུ་ནུས་གསོག་འོད་དྲོད་གློག་འདོན་གྱི་ལྟེ་བའི་ལག་རྩལ་སྤྱད་ཡོད་ཅིང་། 2027ལོའི་ཟླ་9པའི་ཟླ་མཇུག་གོང་ཤོང་ཚད་ཡོངས་སུ་དྲ་སྦྲེལ་གློག་འདོན་བྱ་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་ཡོད།
སྤྱི་ལེ་ཆིག་སྟོང་གི་ཕྱི་རོལ་དུ། གོ་ལ་ཧྲིལ་པོའི་འོད་ཧྥུའི་གློག་འདོན་གླིང་ཁུལ་ཆེ་ཤོས་སྟེ་ཐ་ལ་ཐན་འོད་ཧྥུའི་གླིང་ཁུལ་གྱིས“པང་ལེབ་སྟེང་ནས་གློག་འདོན་དང་། པང་ལེབ་བར་ལ་རྩྭ་འདེབས་པ། པང་ལེབ་འོག་ལ་ཕྱུགས་འཚོ་བ”བཅས་ཀྱི་རྣམ་པ་སྤྱད་དེ། འོད་ཧྥུའི་གླིང་ཁུལ་གྱི་རྩྭ་ངན་བརྐོ་བའི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། འབྲོག་པའི་གཟན་རྩྭའི་འགྲོ་སོང་གྲོན་ཆུང་ཐུབ་ནས། འབྱུང་ཁམས་སླར་གསོ་དང་འབྲོག་པར་ཡོང་འབབ་རག་ནས་གཉིས་རྒྱལ་བྱུང་ཡོད། 
གྲངས་གཞི་ལས་མངོན་པར། གླིང་ཁུལ་དུ་རླུང་ཤུགས50%ཆུང་དུ་ཕྱིན་པ་དང་། ས་རྒྱུའི་བཞའ་ཚན་རླངས་འགྱུར་འགྲོ་ཚད་30%ཉུང་དུ་ཕྱིན་པ། སྔོ་ཁེབས་ཀྱི་ཁྱབ་ཚད་དུས་ཐུང་ལོ་གསུམ་ནང་80%བར་མང་དུ་ཕྱིན་ཡོད། འབྲོག་པ་རྡོ་རྗེས་ལུག་གསོ་ཚགས་བྱེད་པ་ཕུད། ད་དུང་གླིང་ཁུལ་དུ་འོད་ཧྥུའི་པང་ལེབ་གཙང་འཁྲུད་དང་ཉམས་གསོ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། 
འབྲོག་པ་རྡོ་རྗེས། སྔོན་ཆད་ཚང་མ་བྱེ་མ་རེད། ལུག་ལ་ཡང་རྩྭ་ཟ་རྒྱུ་མེད། ད་ཆ་པང་ལེབ་དེའི་འོག་རྩྭ་ཡག་པོ་སྐྱེ་གི་འདུག  དེར་བརྟེན་ལུག་གི་གཟན་རྩྭར་སེམས་ཁྲལ་མི་འདུག་ཅེས་བརྗོད་ཡོད། 
མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱིས་ས་གནས་དེ་གར་འབྱུང་ཁམས་དང་དཔལ་འབྱོར་གཉིས་རྒྱལ་བྱུང་བ་མ་ཟད། ད་དུང་ཆེས་མཐོ་གནོན་བགྲོད་ལམ་བརྒྱུད་སྦགས་མེད་གློག་ཤུགས་རྒྱལ་ཡོངས་སུ་སྐྱེལ་འདྲེན་བྱེད་ཐུབ་ནས། མཚོ་སྔོན་གྱི་ཐོན་ཁུངས་རྒྱལ་ཡོངས་སུ་མཉམ་སྤྱོད་ཐུབ་པ་བྱུང་ཡོད། 
མཚོ་སྔོན་མཚོ་ལྷོའི་ནུས་རྒྱུ་གཙང་མའི་ཕྱིར་སྐྱེལ་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་རྨ་ཆུ་ཀུང་སིའི་མཚོ་ལྷོ་ཁུལ་གྱི་བྱེ་ཐང་རྟེན་གཞིའི་གྲབས་འཛུགས་ཁྲུའུ་ཡི་ཀྲུའུ་རེན་ཀྲུའུ་ཝུན་ཅེ་ཡིས། རྣམ་གྲངས་དེ་ལེགས་གྲུབ་བྱུང་རྗེས། ལོ་ལྟར་ཀོང་ཏུང་དུ་མཚོ་སྔོན་གྱི་སྦགས་མེད་གློག་ཆུ་ཚོད་སྟོང་ཝ་དུང་ཕྱུར་360ཙམ་སྐྱེལ་འདྲེན་བྱས་ཏེ། ང་ཚོའི་ཁུག་པ་ཆེན་མོའི་ཁུལ་དུ“ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བརྗོད་ཡོད། 
2025ལོའི་ཟླ་6པའི་ཟླ་མཇུག་བར་སླེབས་དུས། མཚོ་སྔོན་ཞིང་ཆེན་གྱི་ཁ་ཞེང་ཡོངས་ཀྱི་གློག་ཁུངས་ཀྱི་སྤྱིའི་གློག་འདོན་ཚད་སྟོང་ཝ་ཁྲི་7590ཟིན་པའི་ནང་། ནུས་རྒྱུ་གཙང་མས ས་སྟོང་ཝ་ཁྲི་7181ཟིན་ཞིང་། དེས་གློག་ཧྲིལ་པོའི་བཟུང་ཚད་94.6ཟིན་ནས། རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེན་པོས་གསར་སྤེལ་བྱས་པ་ཕུད། མཚོ་སྔོན་གྱིས་ད་དུང་སྦགས་མེད་གློག་དང་སྦགས་མེད་རྩིས་ནུས་ཟུང་འབྲེལ་དམ་ཟབ་ཀྱི་མཐུན་སྦྱོར་གོང་འཕེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། འབྱུང་ཁམས་སྲུང་སྐྱོང་དང་ཐོན་ལས་རིམ་སྤོར་ཁྲོད་སྦགས་མེད་གི་གློག་དང་སྦགས་མེད་རྩིས་ནུས་ཀྱི་མཐུན་སྦྱོར་འགྲན་ལམ་གསར་པ་བཏོད་ཡོད།

中央广播电视总台 央广网 版权所有

མཚོ་སྔོན་གྱིས་སྦགས་མེད་གློག་དང་སྦགས་མེད་རྩིས་ནུས་ལ་བརྟེན་ནས་གོང་འཕེལ་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ནུས་རྒྱུའི་མ་ལག་གསར་པ་འཛུགས་མགྱོགས་སུ་གཏོང་བ་དང་སྦགས་མེད་གློག་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།