ད་ལོའི་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱི་སྒྲིག་ཆས་གསར་སྒྱུར་ ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་ཁག་དང་པོ་གཤམ་སྤྲོད་བྱས་པ།
2026-01-23 09:55:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཟླ་1ཚེས་22ཉིན་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། 2026ལོར་རང་རྒྱལ་གྱི“གསར་གཉིས”སྲིད་ཇུས་ལེགས་སྒྱུར་ལག་བསྟར་བྱས་ཤིང་། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱིས་སྒྲིག་ཆས་གསར་སྒྱུར་ ལ་རྒྱབ་སྐྱོར་བྱེད་པའི་ཁག་དང་པོའི་མ་དངུལ་སྒོར་དུང་ཕྱུར་936གཤམ་སྤྲོད་བྱས་ཏེ། བཟོ་ལས་དང་། ནུས་རྒྱུ་གློག་ཤུགས། སློབ་གསོ། སྨན་བཅོས། འབྲུ་སྣུམ་ལས་སྣོན། འགག་སྒོའི་ཞིབ་བཤེར། སྡོད་ཁང་གི་གློག་སྐས་རྙིང་པ། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གཏོང་། ཁོར་ཡུག་སྲུང་སྐྱོང་། ཕྱིར་བསྡུ་འཁོར་སྐྱོད་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་4500ཙམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། སྤྱིའི་མ་འཇོག་སྒོར་དུང་ཕྱུར་4600ལས་བརྒལ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག ས་གནས་ལ་ཐད་ཀར་མ་དངུལ་སྤྲོད་པའི་བྱ་ཐབས་སྤྱད་དེ། སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་བེད་མེད་དུ་བཏང་ནས་གསར་སྒྱུར་དང་། ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གསར་སྒྱུར། ཞིང་ལས་འཕྲུལ་འཁོར་རྙིང་པ་བེད་མེད་དུ་བཏང་ནས་གསར་སྒྱུར་བཅས་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
སླད་ཕྱིན། སྡེ་ཚན་ཁག་གིས་སྒྲིག་ཆས་གསར་སྒྱུར་གྱི་རྣམ་གྲངས་དང་མ་དངུལ་གྱི་འབྲེལ་ཐག་ཡོངས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མ་དངུལ་བེད་སྤྱོད་ཀྱི་ལས་ཕྱོད་མགྱོགས་མྱུར་མཐོ་རུ་བཏང་སྟེ། “གསར་གཉིས”སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ་ཡིན་པ་རེད།
















