ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་ཏེ་མི་སྣ་འགྲོ་འོང་བྱེད་ཚད་སླར་ཡང་མང་ཤོས་སུ་སླེབས་རེ་ཡོད་པ་དང་། སྡེ་ཚན་ཁག་གིས་སྐྱེལ་འདྲེན་ནུས་ཤུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། མང་ཚོགས་འགྲོ་སྐྱོད་ཐད་འགན་ལེན་བྱ་རྒྱུ་ཡིན་པ།
2026-01-23 09:53:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པར་ཚེས་21ཉིན་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་འཚོགས་པའི་2026ལོའི་རྒྱལ་ཡོངས་ཀྱི་དཔྱིད་གསར་སྐྱེལ་འདྲེན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། སྤྱི་ཚོགས་ཡོངས་སུ་ས་ཁོངས་ལས་བརྒལ་ཏེ་མི་སྣ་འགྲོ་འོང་བྱེད་ཚད་དང་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཚང་མས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་ཐུབ་རེ་ཡོད་པ་རེད།
2026ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ་2ཚེས་2ཉིན་ནས་འགོ་ཚུགས་རྒྱུ་དང་། ཟླ་3ཚེས་13ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་རེད། སྡེ་ཚན་ཁག་གིས་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། གཙོ་གནད་ས་ཁུལ་དང་། འགྲུལ་པ་འགྲོ་སྐྱོད་བྱེད་མང་བའི་ལམ་ཐིག འགྲོ་སྐྱོད་བྱེད་མང་ཤོས་ཀྱི་དུས་མཚམས་བཅས་ཀྱི་སྐྱེལ་འདྲེན་ནུས་ཤུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དེ་དང་ཆབས་ཅིག ཕྱིར་སྐྱོད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ཐོག དྲ་ཐོག་ནས་སྤ་སེ་ཉོ་བ་དང་། རང་འགུལ་བདེ་འཇགས་ཞིབ་བཤེར་སོགས་ཀྱི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།
ཕྱོགས་བསྡུས་ཐོག་ཞིབ་དཔྱད་དང་བརྡར་གཅོད་བྱས་པ་ལྟར་ན། ད་ལོའི་དཔྱིད་གསར་དུས་ཆེན་རིང་སྒེར་འཁོར་བཏང་ནས་འགྲོ་སྐྱོད་བྱེད་པ་དེས་གནས་བབ་གཙོ་བོ་བཟུང་རྒྱུ་ཡིན་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགྲོ་ལམ་ཤར་གཏོང་ཐུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། སྒེར་འཁོར་བཏང་ནས་འགྲོ་སྐྱོད་བྱེད་པའི་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུ། སློབ་མ་དང་། ལས་མི། ཡུལ་སྐོར་བ་སོགས་ཚང་ཁ་ཆེ་བ་ལས་གཡོལ་ཏེ་འགྲོ་སྐྱོད་བྱེད་པར་ཁྲིད་སྟོན་ཡག་པོ་བྱ་རྒྱུ། ནུས་ཁུངས་དངོས་ཟོག་གལ་ཆེན་དང་དམངས་འཚོའི་དངོས་ཟོག་སོགས་དངོས་ཟོག་སྐྱེལ་འདྲེན་ཐད་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ་ཡིན་པ་རེད།
















