གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད།(3)
སྤྱི་ཚོགས་ཡོངས་ཀྱི་རྒན་རྒོན་ཅན་ལ་འཚམ་པའི་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་ཚོད་ལྟའི་འཚོལ་ཞིབ་ལ་རྒྱབ་སྐྱོར་བྱེད་པ། ཐོག་བརྩེགས་ཁང་པར་གློག་སྐས་སྣོན་སྒྲིག་དང་རྒན་རྒོན་ལ་ཟ་མའི་ཐད་ནས་རོགས་རམ་བྱེད་པའི་ཞབས་ཞུ་འཕེལ་རྒྱས་འགྲོ་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒས་ཁ་སྲ་རུ་གཏོང་བ་དང་རྒན་རྒོན་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས། རྒན་རྒོན་གྱི་འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོན་འདོན་བྱེད་དགོས། སྡེ་ཁུལ་དུ་བསྒར་བཅུག་རྣམ་པའི་བུ་བཅོལ་ཞབས་ཞུ་དང་། ལས་མི་བཀོལ་སྤྱོད་བྱེད་མཁན་ཚན་པས་ལས་བཟོ་པའི་ཕྲུ་གུར་བུ་བཅོལ་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོ་དང་ཕྲུ་གུ་གསོ་སྐྱོང་ཞབས་ཞུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་དེ་ཚད་ལྡན་དུ་གཏོང་བ་དང་། རྒན་གསོ་ཞབས་ཞུའི་རིན་གོང་གྲུབ་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས། སྤྱི་ཕན་བུ་བཅོལ་ལས་ཁུངས་ལ་ས་ཆ་མཁོ་འདོན་དང་གཉེར་སྐྱོང་ཁ་གསབ་སོགས་བྱ་རྒྱུར་སྐུལ་མ་གཏོང་དགོས།
བཅུ་པ། འཚོ་བའི་ཞབས་ཞུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས།
ཞབས་ཞུ་མཁོ་སྤྲོད་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུ་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་དང་། ལས་རྣམ་མཉམ་འདྲེས། ཐོན་ལས་གཅིག་སྡུད་བཅས་ལ་རྒྱབ་སྐྱོར་བྱ་དགོས། བཟའ་བཏུང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་། ས་གནས་ཀྱིས་ཁྱད་ཆོས་ལྡན་པའི་བཟའ་བཏུང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཁྱིམ་ལས་ཞབས་ཞུ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གྲྭ་དེ་བས་མང་བས་ཁྱིམ་ལས་དང་འབྲེལ་ཡོད་ཀྱི་ཆེད་ལས་འཛུགས་རྒྱུར་སྐུལ་མ་གཏོང་བ། ཁྱིམ་ལས་ཁྱབ་ཁོངས་སུ་ལས་གཉེར་བྱེད་མཁན་བུད་མེད་ཚོའི་ཆེད་ལས་ཆུ་ཚད་མཐོ་རུ་དང་ལས་སྒོའི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བའི་ཆེད་དོན་གསོ་སྦྱོང་ལས་གྲྭ་སྒྲིག་འཛུགས་ལག་བསྟར་བྱེད་པ། ཁྱིམ་ལས་ལས་རིགས་ཀྱི་ཚད་གཞིའི་ཚད་ལྡན་མ་ལག་དང་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས། གྲོང་ཁྱེར་གྱི་སྐར་མ་བཅོ་ལྔའི་བར་ཐག་ནང་གི་དམངས་ཕན་འཚོ་བའི་ཁུལ་དང་གྲོང་ཁྱེར་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཉོ་སྒྲུབ་དང་བཟའ་བཏུང་། ཁྱིམ་ལས། ཉམས་གསོ་སོགས་སྡེ་ཁུལ་གྲོང་མིའི་ཞབས་ཞུའི་ས་ཚིགས་མགྱོགས་མྱུར་ངང་བསྐྲུན་དགོས།
བཅུ་གཅིག རིག་གནས་ཡུལ་སྐོར་འཛད་སྤྱོད་རྒྱ་ཆེར་གཏོང་དགོས།
དྲ་ཐོག་དང་དྲ་འོག ཚོང་ལས། ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང་བཅས་ལས་རིགས་མང་པོའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཏུ་བཏང་ནས། སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱ་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་རིག་དངོས་འགྲེམས་ཁང་སྡེ་ཚན་གྱིས་ཞབས་ཞུའི་རྣམ་གྲངས་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། གཉེར་ཡུན་དུས་ཚོད་ལུགས་མཐུན་གྱིས་རིང་དུ་གཏོང་བ། སྣེ་ལེན་གཞི་ཁྱོན་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ས་གནས་ཁག་གིས་སྤུས་ལེགས་ལུས་རྩལ་རྣམ་གྲངས་མང་དུ་གཏོང་རྒྱུ་དང་ཁྱད་ཆོས་ལྡན་པའི་ལུས་རྩལ་འགྲན་བསྡུར་གཉེར་རྒྱུར་རྒྱབ་སྐྱོར་བྱ་དགོས། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་དང་ལུས་རྩལ་འགྲན་བསྡུར། མང་ཚོགས་རང་བཞིན་གྱི་བྱེད་སྒོ་ཆེ་གྲས་ཁག་གི་ཕྱོགས་བསྡུས་ཞིབ་མཆན་འགོད་པའི་འགྲོ་ལུགས་ལེགས་སུ་གཏོང་བ་དང་། ཕྱིར་འཚོང་སྤ་སེའི་གྲངས་འབོར་བདེ་འཇགས་དང་ཚོད་འཛིན་ཐུབ་པའི་སྒོ་ནས་མང་དུ་གཏོང་བ། སྐོར་སྐྱོད་འཁྲབ་སྟོན་རྣམ་གྲངས་ཀྱི་ཐོག་མའི་འཁྲབ་སྟོན་བྱ་ཡུལ་གྱི་ནང་དོན་ཞིབ་དཔྱད་འགན་འཁུར་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། “ཞིབ་བཤེར་ཆོག་མཆན་ཐེངས་གཅིག་གིས་རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱེད་ཆོག་པ”ཁྱབ་སྤེལ་གཏོང་དགོས།
བཅུ་གཉིས། གངས་འཁྱགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས།
གངས་འཁྱགས་ཡུལ་སྐོར་མཐོར་འདེགས་སུ་གཏོང་བའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་དང་། གངས་འཁྱགས་འཛད་སྤྱོད་དུས་ཚིགས་སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་བ། གངས་འཁྱགས་བརྗོད་བྱ་གཙོ་བོར་བྱས་པའི་སྤུས་ཚད་མཐོ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་སྤྲོ་གསེང་ཁུལ་ཁག་གཅིག་འཛུགས་པ། གངས་འཁྱགས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་གྱིས་གོ་ལ་ཧྲིལ་པོའི་སྐད་གྲགས་ཆེ་བའི་གངས་འཁྱགས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་དམིགས་ས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་གངས་འཁྱགས་ར་བ་དང་འཛད་སྤྱོད་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།
བཅུ་གསུམ། རྒྱལ་ཁོངས་སུ་འཛུལ་བའི་འཛད་སྤྱོད་འཕེལ་རྒྱས་གཏོང་དགོས།
ཕྱོགས་རྐྱང་པའི་འཐུས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་ཆེ་རུ་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་རྒྱལ་ཁོངས་སུ་འཛུལ་བའི་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁོངས་སུ་འཛུལ་བའི་སྤུས་ལེགས་ཡུལ་སྐོར་ལམ་ཐིག་དང་ཞབས་ཞུ་དེ་བས་མང་བ་བཏོན་ནས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡུལ་སྐོར་བྱེད་རིང་གི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་སྤྱིར་ཁ་ཕྱོགས་པའི་སྨན་བཅོས་དང་འགྲེམས་སྟོན་སོགས་ཀྱི་ཁྲོམ་ར་སྐྱེད་སྲིང་བྱ་དགོས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་གསོ་སྤེལ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་གྱི་འགག་སྒོ་རུ་སྒོ་ཁྲལ་མི་དགོས་པའི་ཚོང་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱ་དགོས། སྤུས་ལེགས་ཚོང་དུད་དེ་བས་མང་བ་རྒྱལ་ཁོངས་ནས་ཁ་བྲལ་སྐབས་ཁྲལ་སློག་པའི་ཚོང་ཁང་དུ་འགྱུར་བར་རྒྱབ་སྐྱོར་བྱེད་དགོས།
བཅུ་བཞི། ཞབས་ཞུའི་ལས་རིགས་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།
གློག་འཕྲིན་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟ་རྒྱ་ཆེར་གཏོང་དགོས། གྲོང་མིའི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོར་དམིགས་ཏེ། སྨན་བཅོས་བདེ་ཐང་དང་རིག་གནས་རོལ་རྩེད་སོགས་འཚོ་བའི་རང་བཞིན་གྱི་སྤུས་ལེགས་ཞབས་ཞུ་ནང་འདྲེན་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱི་རོལ་ཞག་སྡོད་དང་། དམངས་སྲོལ་གནས་ཚང་། སྡེ་ལས་ཞབས་ཞུ།“དྲ་སྦྲེལ་+སྨན་བཅོས”སོགས་ཞབས་ཞུའི་འཛད་སྤྱོད་རྣམ་གྲངས་ཕྱི་རྒྱལ་ཚོང་པས་མ་འཇོག་བྱ་རྒྱུར་སྐུལ་མ་གཏོང་བའི་ཐོན་ལས་ཀྱི་དཀར་ཆག་ནང་འཇུག་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།