ཐོན་རྫས་བདེ་འཇཊ་བློར་ངེས་ནས། དམངས་ཀྱི་ཁེ་ཕན་གོང་དུ་བཀུར།
སྤྱི་ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་ལོ་2024ལོའི་བོད་ལྗོངས་ཀྱི་བཟོ་ལས་ཐོན་ཟོག་གི་སྤུས་ཚད་ལྟ་སྐུལ་ཟུར་བཤེར་དང་བཟའ་བཅའི་བདེ་འཇགས་ཟུར་བཤེར་ལྟ་ཞིབ་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་ལས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྐུལ་ཟུར་བཤེར་ཐད་བོད་ལྗོངས་སུ་ཐོན་སྐྱེད་དང་འཁོར་རྒྱུག་ཁྱབ་ཁོངས་ཀྱི་ཁེ་ལས་ཁྱོན་3801ལ་ཟུར་བཤེར་བྱས་པ་དེ་ཐོན་རྫས་ཁག་3010དང་འབྲེལ་བ་ཡོད་པ་དང་ཚད་ལོན་ཚད་87.41%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1ལྷག་ཙམ་འཕར་ཡོད་པ་རེད། ཟུར་བཤེར་བྱས་པའི་ཐོན་རྫས་རིགས་ཆེ་བ་9དང་སྣ་རིགས་151ཡོད་པའི་ནང་ཐོན་རྫས་སྣ་ཁ་67གྱི་ཚད་གཞི་ལོན་ཚད་100%ཟིན་པ་དང་ཐོན་རྫས་སྣ་ཁ་23གྱི་ཚད་གཞི་ལོན་ཚད་90%ཡན་ཟིན་ཡོད་པ་རེད།
བཟའ་བཅའི་བདེ་འཇགས་ཟུར་བཤེར་ཐད་བོད་ལྗོངས་ཀྱིས་བཟའ་བཅར་ཟུར་བཤེར་གྱི་ལས་འགན་ཁག་ཐེངས་གྲངས་13427བཀོད་སྒྲིག་བྱས་པ་དང་རང་སྐྱོང་ལྗོངས་རིམ་པའི་ཟུར་བཤེར་ཁག་ཐེངས་གྲངས་8571ལེགས་གྲུབ་ཟིན་ནས་ཚད་གཞི་ལོན་ཚད་97.61%ཟིན་ཡོད་པ་རེད། ཟུར་བཤེར་དེ་ཐོན་སྐྱེད་དང་། འཁོར་རྒྱུག བཟའ་བཏུང་བཅས་ཀྱི་ལྷུ་ཚིགས་ཆེན་པོ་གསུམ་ལ་ཁྱབ་པ་དང་བཟའ་བཅའི་རིགས་ཆེ་གྲས་32དང་ལས་རྣམ་80ལ་ཁྱབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ལྟ་སྐུལ་ཟུར་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་ཚད་གཞི་མ་ལོན་པའི་ཐོན་རྫས་ལ་དམིགས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་ཐག་གཅོད་བྱ་རྒྱུ་ཡིན་པའི་ནང་ཐོན་སྐྱེད་བྲིན་ཚོང་དང་། སྲིད་འཛིན་ཆད་གཅོད། དུས་བཅད་བཅོས་སྒྲིག་སོགས་ཀྱི་བྱེད་ཐབས་ཚུད་ཡོད་པ་རེད། དེ་དང་ཆབས་ཅིག་སྤུས་ཚད་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱིས་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
གཞན་ཡང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པས་བཏོན་པའི་དྲི་བར་ལན་འདེབས་སྐབས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ལོ་མཇུག་ཏུ་སྤེལ་རྒྱུ་ཡིན་པའི་ལོ་གསར་གནམ་གང་དགོང་མོར་“འཛད་སྤྱོད་པ་མཉམ་ཞུགས་ཀྱི་ཞིབ་བཤེར་བྱེད་”ཅེས་པའི་བྱེད་སྒོའི་ནང་དྲ་གྲོགས་དང་། སྤྱི་ཚོགས་ཀྱི་འཐུས་མི། སྨྱན་སྦྱོར་ཚན་པ་བཅས་ལྟ་སྐུལ་བྱེད་པར་གདན་ཞུ་བྱས་ནས། གཙོ་གནད་ཐོག་རྒྱུན་གཏན་གྱི་འཛད་སྤྱོད་བྱེད་ཚད་མང་བ་དང་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་གཅིག་སྡུད་ཡིན་པའི་བཟའ་བཅའ་དང་ས་གནས་ཀྱི་ཁྱད་ལྡན་བཟའ་བཅའ་སོགས་ལ་ཟུར་བཤེར་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ།
གསར་འགོད་པ། སྐལ་ཆོས། བསྟན་དབང་།