ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧན་ཀྲེང་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་སྒྲོན་གནང་བ།

2024-11-27 09:28:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཟླ་11ཚེས་26ཉིན་པེ་ཅིང་དུ་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་སྒྲོན་གནང་ཡོད།

  ཧན་ཀྲེང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་གི་ལྡེམ་ཤུགས་དང་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱ་རྒྱུ་དེ་ནི་འཛམ་གླིང་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་ཞེས་བསྟན་གནང་ཡོད། དུས་ཡུན་རིང་པོའི་ནང་། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་ལས་ནང་ཞུགས་མཁན་དང་ཕན་ཁེ་ཐོབ་མཁན་ཡིན་ལ། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་མཁན་དང་འཛུགས་སྐྲུན་པ་ཡང་ཡིན། ཀྲུང་གོས་རྒྱུན་མཐུད་སྒོ་ནས་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འཁོར་སྐྱོད་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས་ཀྱིས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འཁོར་སྐྱོད་ལ་སྒུལ་ནུས་སྦྱིན་པ། གཞི་ཁྱོན་ཆེས་ཆེ་བའི་ཁྲོམ་རར་གཞི་རྐང་བཙུགས་ནས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འཁོར་སྐྱོད་ཆེད་དུ་རྒྱ་ཆེ་བའི་བར་ཁམས་བཏོད་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཁག་མཉམ་དུ་སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་ཤར་བགྲོད་ཡོང་རྒྱུར་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་ཡོད།

  ཧན་ཀྲེང་གིས་གྲོས་འགོ་གསུམ་བཏོན་ཡོད་པ་སྟེ། གཅིག་ནི་ལས་ཀ་ཁག་བགོས་དང་མཉམ་ལས་ཟབ་ཏུ་བཏང་ཐོག གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གཉིས་ཕན་མཉམ་རྒྱལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག རྒྱལ་ཁབ་ཁག་དང་མཉམ་དུ་ཐོན་ལས་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གཉིས་ནི་གསར་གཏོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཐོག གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་འཐུས་སྒོ་ཚང་དུ་གཏོང་བ་དང་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་གསར་གཏོད་འཁོར་སྐྱོད་ཀྱི་གོང་འཕེལ་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས། མགྱོགས་ནས་མྱུར་དུ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་མཉམ་ལས་ཀྱི་བར་ཁམས་སྔར་ལས་ཆེ་བ་གཏོད་རྒྱུ་ཡིན། གསུམ་ནི་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱས་ཐོག གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སྦགས་མེད་ཅན་དུ་བརྗེ་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྦགས་མེད་ཐོན་ལས་དང་། དྭངས་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་བཏང་ནས། འཛམ་གླིང་སྦགས་མེད་ཅན་དུ་གོང་འཕེལ་འགྲོ་རྒྱུར་རམ་འདེགས་བྱེད་འདོད་ཡོད་ཅེས་གསུངས་ཡོད།

  དེ་རྗེས། ཧན་ཀྲེང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་འགྲེམས་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།

  སྐབས་འདིའི་མཁོ་སྤྲོད་སྦྲེལ་ཐག་དངོས་མང་འགྲེམས་ཚོགས་ཀྱིས་འཛམ་གླིང་དང་སྦྲེལ་མཐུད་བྱེད། འབྱུང་འགྱུར་མཉམ་དུ་གཏོད་ཅེས་པ་བརྗོད་དོན་གཙོ་བོའི་རྒྱུན་བསྐྱངས་ནས། ཀྲུང་ཕྱིའི་སྲིད་གཞུང་ལས་ཁུངས་དང་། ཚོགས་ཞུགས་ཁེ་ལས། ཚོང་ལས་མཐུན་ཚོགས་ཀྱི་འཐུས་མི་དང་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཕོ་ཉ་ཁག་ཅིག་སོགས་མི་1100ལ་ཉེ་བ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

  འགོ་ཚུགས་མཛད་སྒོ་འཚོགས་ཚར་རྗེས། ཧན་ཀྲེང་གིས་མཁོ་སྤྲོད་སྦྲེལ་ཐག་གི་དངོས་མང་འགྲེམས་ཚོགས་ལ་གཟིགས་སྐོར་གནང་བ་དང་། གྲངས་འཛིན་ཚན་རྩལ་དང་། དྭངས་གཙང་ནུས་ཁུངས། སྔོན་ཐོན་བཟོ་སྐྲུན་སོགས་འགྲེམས་ཁུལ་ལ་གཟིགས་པ་དང་ཆབས་ཅིག་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གནང་ཡོད།

中央广播电视总台 央广网 版权所有

ཧན་ཀྲེང་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་སྒྲོན་གནང་བ།

དེ་རྗེས། ཧན་ཀྲེང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་དངོས་མང་འགྲེམས་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།