ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལས་བྱེད་པའི་ལོ་རེའི་ངལ་གསོའི་སྐོར་གྱི་གཏན་འབེབས།

2024-11-27 09:23:00     责编:娜科

     སྤྱི་ལོ་2024ལོ་རྫོགས་ལ་ཉེ། ཁྱེད་རང་ད་ལོའི་ངལ་གསོ་བསྡད་ཚར་བ་ཡིན་ནམ། ལོ་རེའི་ངལ་གསོ་བསྡད་ཚར་བའམ་ཡང་ན་བསྡད་མེད་ན་གང་འདྲ་བྱ་དགོས། ལས་སྒྱུར་བྱས་ནས་ལས་ཁུངས་གསར་པར་སླེབས་ན་ལོ་རེའི་ངལ་གསོ་ཞུ་ཆོག་གམ། ཡང་ན་ལས་ཀ་བྲེལ་བ་ཚ་ཐག་ཆོད་ནས་ད་ལོའི་ལོ་རེའི་ངལ་གསོ་དེ་སང་ལོའི་ངལ་གསོ་དང་མཉམ་དུ་བསྡད་ན་ཆོག་གམ་ལ་སོགས་སྐོར་གྱི་གཏན་འབེབས་ཁག་ཅིག་མཉམ་སྤྱོད་ཞུ།

 

 

གཅིག ལོ་རེའི་ངལ་གསོ་སྡོད་པར་ཆ་རྐྱེན་གང་དག་འཛོམ་དགོས།

 

     ལས་བཟོ་བས་བསྟུད་མར་ལས་ཀ་བྱས་ནས་ལོ་གཅིག་ཡན་སོང་རིགས་ལ་ཁྲིམས་ལྟར་ལོ་རེའི་ངལ་གསོ་སྡོད་ཆོག་པ་སྟེ།《ལས་བཟོ་བས་གླ་ཕོགས་བླངས་ནས་ལོ་རེའི་ངལ་གསོ་སྡོད་པའི་སྲོལ་ཡིག》ཅེས་པའི་ནང་གཏན་འབེབས་བྱས་པར། ཆ་རྐྱེན་དང་མཐུན་པའི་ལས་བཟོ་བས་ལས་ཀ་བྱས་པའི་ལོ་ཚད་ལ་གཞིགས་ནས་ཁྲིམས་ལྟར་ཉིན་5(ལས་ཀ་བྱས་ནས་ལོ་གཅིག་ལོན་པ་དང་ལོ་10མ་ལོན་པ་)དང་། ཉིན་10(ལས་ཀ་བྱས་ནས་ལོ་10ལོན་པ་དང་ལོ་20མ་ལོན་པ་)ཉིན་15(ལས་ཀ་བྱས་ནས་ལོ་20ལོན་པ་)བཅས་ཀྱི་ལོ་རེའི་ངལ་གསོ་རྒྱག་ཆོག

 

གཉིས། ལས་སྒྱུར་བྱས་རྗེས་ལས་ཁུངས་གསར་པར་ལོ་རེའི་ངལ་གསོ་ཞུ་ཆོག་གམ།

 

    《ལས་བཟོ་བས་གླ་ཕོགས་བླངས་ནས་ལོ་རེའི་ངལ་གསོ་རྒྱག་པའི་སྲོལ་ཡིག》གི་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་པར། ལས་ཁུངས་དང་ཚོགས་པ། ཁེ་ལས། བྱ་གཞག་ཚན་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ་སོགས་ཚན་པའི་ལས་བཟོ་བས་བསྟུད་མར་ལས་ཀ་ལོ་གཅིག་ཡན་བྱས་ན་གླ་ཕོགས་བླངས་ནས་ལོ་རེའི་ངལ་གསོ་ལོངས་སུ་སྤྱོད་ཆོག 《རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གི་ལས་བཟོ་བས་གླ་ཕོགས་བླངས་ནས་ལོ་རེའི་ངལ་གསོ་རྒྱག་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་》ནང་ངལ་གསོའི་ཆ་རྐྱེན་གསལ་པོ་བསྟན་ཡོད་དེ།《ལས་བཟོ་བས་གླ་ཕོགས་བླངས་ནས་ལོ་རེའི་ངལ་གསོ་རྒྱག་པའི་སྐོར་གྱི་སྲོལ་ཡིག》གི་དོན་ཚན་གཉིས་པའི་ནང་ལས་བཟོ་བས་ལས་ཀ་བྱས་ནས་ལོ་གཅིག་ཡན་སོང་བ་ཞེས་པ་དེ་ངེས་པར་དུ་ལས་ཁུངས་གཅིག་ནང་ཡིན་དགོས་པའི་ཚད་གཞི་བཟོས་མེད། དེར་བརྟེན། དེའི་ནང་ལས་བཟོ་བས་ལས་ཁུངས་གཅིག་ནང་ལས་ཀ་བྱས་ནས་ལོ་གཅིག་ཡན་སོང་བའི་གནས་ཚུལ་ཚུད་པ་མ་ཟད། ལས་བཟོ་བས་ལས་ཁུངས་མི་འདྲ་བའི་ནང་བསྟུད་མར་ལས་ཀ་བྱས་ནས་ལོ་གཅིག་ཡན་སོང་བའི་གནས་ཚུལ་ཡང་ཚུད་པ་གཏན་འབེབས་བྱས་ཡོད།

 

 

གསུམ། ལོ་རེའི་ངལ་གསོ་དེ་ལོ་བརྒལ་ནས་བརྒྱབ་ན་ཆོག་གམ།

 

    《ལས་བཟོ་བས་གླ་ཕོགས་བླངས་ནས་ལོ་རེའི་ངལ་གསོ་སྡོད་པའི་སྲོལ་ཡིག》གི་དོན་ཚན་ལྔ་པའི་ནང་གཏན་འཁེལ་བྱས་དོན། ལས་ཁུངས་ཀྱིས་ཐོན་སྐྱེད་དང་ལས་ཀའི་བྱེ་བྲག་གི་གནས་ཚུལ་ལ་གཞིགས་པ་མ་ཟད། ལས་བཟོ་བ་རང་ཉིད་ཀྱི་འདོད་མོས་ལ་གཞིགས་ནས་ལས་བཟོ་བའི་ལོ་རེའི་ངལ་གསོ་གཅིག་གྱུར་ངང་བཀོད་སྒྲིག་བྱ་དགོས།

 

     ལོ་རེའི་ངལ་གསོ་དེ་ལོ་གཅིག་ནང་གཅིག་སྡུད་ཐོག་བཀོད་སྒྲིག་བྱ་ཆོག་ལ། རིམ་པ་བགོས་ནས་བཀོད་སྒྲིག་ཀྱང་བྱ་ཆོག སྤྱིར་བཏང་ལོ་བརྒལ་ནས་བཀོད་སྒྲིག་བྱ་མི་ཆོག སྡེ་ཚན་གྱིས་ཐོན་སྐྱེད་དང་ལས་ཀའི་དབང་གིས་ལས་བཟོ་བའི་ལོ་རེའི་ངལ་གསོ་དེ་དངོས་གནས་ལོ་བརྒལ་ནས་བཀོད་སྒྲིག་བྱ་དགོས་རིགས་ལ་ལོ་བརྒལ་ནས་བཀོད་སྒྲིག་བྱ་ཆོག སྡེ་ཚན་གྱིས་ལས་ཀའི་དགོས་མཁོའི་དབང་གིས་ལས་བཟོ་བའི་ལོ་རེའི་ངལ་གསོ་བཀོད་སྒྲིག་བྱེད་མི་ཐུབ་པར་ལས་བཟོ་བ་རང་ཉིད་མོས་མཐུན་ཐོབ་ན། ལས་བཟོ་བའི་ལོ་རེའི་ངལ་གསོ་བཀོད་སྒྲིག་མ་བྱས་ནའང་ཆོག་མོད། འོན་ཀྱང་ངལ་གསོ་བཞག་མ་ཐུབ་པའི་རྐྱེན་གྱིས་ལས་བཟོ་བའི་ལོ་རེའི་ངལ་གསོའི་ཉིན་གྲངས་ལ་གཞིགས་ནས་ལས་ཁུངས་ཀྱིས་ལས་བཟོ་བའི་ཉིན་རེའི་གླ་ཕོགས་ཀྱི་ཡོང་སྒོའི་300%ལྟར་རྩིས་བརྒྱབ་ནས་ལོ་རེའི་ངལ་གསོའི་གླ་ཕོགས་སྤྲོད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། གངས་ཕྲུག་བློ་རྒྱ།

中央广播电视总台 央广网 版权所有

ལས་བྱེད་པའི་ལོ་རེའི་ངལ་གསོའི་སྐོར་གྱི་གཏན་འབེབས།

ལོ་རེའི་ངལ་གསོ་དེ་ལོ་གཅིག་ནང་གཅིག་སྡུད་ཐོག་བཀོད་སྒྲིག་བྱ་ཆོག་ལ། རིམ་པ་བགོས་ནས་བཀོད་སྒྲིག་ཀྱང་བྱ་ཆོག སྤྱིར་བཏང་ལོ་བརྒལ་ནས་བཀོད་སྒྲིག་བྱ་མི་ཆོག