ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཏོང་གྲངས་མེ་འཁོར་ཁྲི་10ལས་བརྒལ་ནས། དངོས་ཟོག་དབོར་འདྲེན་བྱེད་ཚད་ཚད་ལྡན་སྒམ་ཁྲི་1100ལས་བརྒལ་བ།

2024-11-22 15:17:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཁྲུང་ཆིང་ནས་གཏོང་འགོ་ཚུགས་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་X8083ཟླ་11པའི་ཚེས་20ཉིན་གྱི་ཕྱི་དྲོ་ཤིན་ཅང་ཨ་ལ་ཧྲན་ཁོའུ་ལྕགས་ལམ་འགག་སྒོ་བརྒྱུད་དེ། འཇར་མན་གྱི་ཏུའུ་དབྱི་སི་པའོ་ཕྱོགས་སུ་བསྐྱོད་ཡོད། དེའི་ཐོག་ནས་རང་རྒྱལ་གྱིས་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཐེངས་གྲངས་ཁྲི་10ཟིན་པ་མཚོན་གྱི་ཡོད། ཀྲུང་གོ་ནས་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་ཁྱབ་འགྱེད་ནུས་པ་དང་། སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་ཟོག་འདྲེན་སྤུས་རྟགས་ཤིག་ཏུ་གྱུར་ཡོད།
2011ལོའི་ཟླ་3པར་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཐོག་མ་དེ་ཁྲུང་ཆིང་ནས་གཏོང་འགོ་ཚུགས་པ་དང་། དེའི་ཐོག་ནས་རང་རྒྱལ་གྱིས་ནུབ་ཏུ་ཁ་གཏད་དེ་ཡོ་རོབ་ཏུ་ཐད་ཀར་བསྐྱོད་པའི་སྐམ་ལམ་གྱི་རྒྱལ་སྤྱིའི་ཉོ་ཚོང་བགྲོད་ལམ་ཆེན་པོ་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་མཚོན་གྱི་ཡོད། མེ་འཁོར་ཐེངས་གྲངས་ཁྲི་10ཙམ་གཏོང་འགོ་ཚུགས་པ་ནས་བཟུང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱིས་རིམ་རྩིས་བྱས་ན་དངོས་ཟོག་ཚད་ལྡན་སྒམ་ཁྲི་1100ལྷག་ཙམ་དབོར་འདྲེན་བྱས་པ་དང་དངོས་ཟོག་དེ་དག་གི་རིན་ཐང་ཨ་སྒོར་དུང་ཕྱུར་4200ལས་བརྒལ་ཡོད་པ་རེད། རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཀུང་སིའི་གྲངས་གཞི་ལས་མངོན་པར། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ཐེངས་གྲངས་ཁྲི་ཙམ་གཏོང་བའི་དུས་ཚོད་དེ་ཐོག་མའི་ཟླ་90ནས་ཟླ་6བར་ཐུང་དུ་ཕྱིན་ཡོད། 2016ལོའི་གཅིག་གྱུར་སྤུས་རྟགས་ནས་2023ལོའི་བར་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ལོ་རེར་གཏོང་ཚད་དེ་མེ་འཁོར་ཐེངས་གྲངས་1702ནས་17000ལྷག་ཙམ་བར་མང་དུ་ཕྱིན་ཡོད། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱིས་སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་བསྐྲུན་བྱ་རྒྱུ་དེ་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ངང་སྐྱོད་རྒྱུར་བདེན་དཔང་དང་། སྐམ་སའི་དབུས་ཁུལ་གྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རོགས་འདེད་ཐུབ་ཡོད་ལ། འགྲམ་རྒྱུད་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་ཡོད། ཤིན་ཅང་ཨ་ལ་ཧྲན་ཁོའུ་འགག་སྒོའི་ཟོག་འདྲེན་ཚད་ཡོད་ཀུང་སི་ཞིག་གི་ལས་སྒོའི་སྤྱི་གཉེར་ཡུས་སུང་གིས། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་ལ་ཉིན་མཚན་དབྱེར་མེད་དང་། སྐྱེལ་འདྲེན་གྱི་འབོར་ཚད་མང་བ། བདེ་འཇགས་ཤར་བགྲོད་སོགས་ཀྱི་བཟང་ཆ་ལྡན་ཡོད་པས། རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ད་ལོ་ཀུང་སིས་ཚབ་གཉེར་བྱས་པའི་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཏོང་ཐེངས་1000ཙམ་ཟིན་ཡོད་ཅིང་། དེ་ན་ནིང་ལས་10%འཕར་ཡོད། ཚབ་གཉེར་བྱས་པའི་དངོས་ཟོག་ནང་ཉེར་མཁོའི་བརྒྱ་ཟོག་དང་། གློག་རྡུལ་ཐོན་རྫས། རླངས་འཁོར་གྱི་ལྷུ་ལག་བཅས་ཚུད་ཡོད་ཅེས་བསྟན་འདུག
ད་ཆ་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་ཐོག་མའི་ལམ་ཐིག་རྐྱང་པ་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ས་ཁོངས་ཡོངས་ལ་གཞི་རྩའི་ཆ་ནས་ཁྱབ་པའི་ཟོག་འདྲེན་དྲ་བར་གྱུར་ཡོད། རྒྱལ་ནང་དུ་ལྕགས་ལམ་སྡེ་ཚན་གྱིས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་120ཡི་འཆར་གཞི་བཟོས་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་93གཏན་འཁེལ་བྱས་པ་དང་། གྲོང་ཁྱེར་125དང་མཉམ་འབྲེལ་བྱས་ཡོད། ཕྱི་རྒྱལ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་ཡོ་རོབ་ཀྱི་རྒྱལ་ཁབ་25ཡི་གྲོང་ཁྱེར་227དང་དེ་བཞིན་ཨེ་ཤེ་ཡའི་རྒྱལ་ཁབ་11གི་གྲོང་ཁྱེར་100ལྷག་ཙམ་ལ་ཤར་གཏོང་ཐུབ་ཡོད། དངོས་ཟོག་ཀྱི་སྣ་རིགས་ཐད་རིགས་ཆེ་བ་53དང་སྣ་རིགས་ཁྲི་5ལས་བརྒལ་ཞིང་། ཟུར་སྣོན་རིན་ཐང་མཐོ་བའི་དངོས་ཟོག་གི་བསྡུར་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། ལོའི་སྐྱེལ་འདྲེན་དངོས་ཟོག་གི་རིན་ཐང་དེ་2016ལོའི་ཨ་སྒོར་དུང་ཕྱུར་80ནས་2023ལོའི་ཨ་སྒོར་དུང་ཕྱུར་567བར་འཕར་ཡོད། ད་ལོ་ནས་བཟུང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཏོང་ཐེངས་ཁྲི་1.7ལས་བརྒལ་ཡོད་ཅིང་། དེ་དུས་མཚུངས་ལས་11%འཕར་བ་དང་སྐྱེལ་འདྲེན་དངོས་ཟོག་གི་རིན་ཐང་ཨ་སྒོར་དུང་ཕྱུར་580ཟིན་ཡོད། རང་རྒྱལ་གྱི་ཀྲུང་གོ་དང་ཡོ་རབ་དབར་གྱི་དུས་གཏན་མེ་འཁོར་གཏོང་ཐེངས་མང་ཤོས་ཀྱི་འགག་སྒོ་ཡིན་པའི་ངོས་ནས། ཤིན་ཅང་ཨ་ལ་ཧྲན་ཁོའུ་འགག་སྒོས་བར་མཚམས་ཀྱི་སྐྱེལ་འདྲེན་ནུས་པ་སྔོག་འདོན་གང་ལེགས་བྱས་ནས། གནད་སྨིན་ཅན་གྱི་སྐྱེལ་འདྲེན་ཐོན་སྐྱེད་སྒྲིག་འཛུགས་ཀྱི་ཆུ་ཚད་དང་སྐྱེལ་འདྲེན་བགྲོད་ལམ་གྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བཞིན་ཡོད་པ་རེད། 
ཨ་ལ་ཧྲན་ཁོའུ་འབབ་ཚུགས་འཁོར་སྐྱོད་འཁོར་ཁང་གི་ཀྲུའུ་རེན་ཡན་ཧྭ་ཕེང་གིས། རིག་ལྡན་འགག་སྒོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིག་ནུས་ཅན་དང་གྲངས་འཛིན་ཅན་གྱི་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བ། སྡེ་ཚན་མང་པོ་མཐུན་སྦྱོར་མཉམ་འགུལ་ཐུབ་པ། ལས་གནས་ཁག་སྦྲེལ་མཐུད་དམ་ཟབ་ཡོང་བ། ཉིན་མཚན་ཀུན་ཏུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་སྦྲེལ་མཐུད་ཐུབ་རྒྱུ་འགན་ལེན་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་མགྱོགས་མྱུར་ཤར་བགྲོད་དང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་གི་ཞབས་ཞུ་དེ་བས་ཡག་པ་སྒྲུབ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་འདུག

中央广播电视总台 央广网 版权所有

ཀྲུང་གོ་དང་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་གཏོང་གྲངས་མེ་འཁོར་ཁྲི་10ལས་བརྒལ་ནས། དངོས་ཟོག་དབོར་འདྲེན་བྱེད་ཚད་ཚད་ལྡན་སྒམ་ཁྲི་1100ལས་བརྒལ་བ།

ཀྲུང་གོ་ནས་ཡོ་རོབ་དབར་གྱི་དུས་གཏན་མེ་འཁོར་དེ་ཁྱབ་འགྱེད་ནུས་པ་དང་། སྣེ་ཁྲིད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་ཟོག་འདྲེན་སྤུས་རྟགས་ཤིག་ཏུ་གྱུར་ཡོད།