རང་རྒྱལ་གྱི་མི་ཐབས་རིག་ནུས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱུང་བ།
2024-11-22 15:15:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། 《2024ལོའི་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ》དང་《2024ལོའི་འཛམ་གླིང་དྲ་སྦྲེལ་འཕེལ་རྒྱས་སྙན་ཞུ》ཡི་རྒྱབ་ཤ་སྔོན་པོའི་དེབ་དེ་ཚེས་21ཉིན་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཐོག་ཁྱབ་བསྒྲགས་བྱས་ཡོད། སྙན་ཞུའི་ནང་། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཁྲོམ་ར་ཆེ་ཤོས་སུ་འཕེལ་རྒྱས་ཕྱིན་པ་དང་། གོ་ལ་ཧྲིལ་པོའི་དྲ་དམངས་མང་ཤོས་དང་སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་མང་ཤོས་ཡོད་པ་མ་ཟད། གཞི་ཁྱོན་ཆེ་ལ་ལག་རྩལ་སྔོན་ཐོན་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་ཀྱང་བསྐྲུན་ཡོད། རང་རྒྱལ་གྱིས་6Gའགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་རྒྱུན་མཐུད་བྱས་ནས། རྒྱལ་སྤྱིའི་འཕྲིན་གཏོང་དང་རིག་ནུས་མཉམ་འདྲེས་ཀྱི་6Gཕྱི་རོལ་ཚོད་ལྟའི་དྲ་བ་ཐོག་མ་དེ་ལེགས་འགྲུབ་ལྡན་པའི་སྒོ་ནས་བཙུགས་པ་རེད།
ལོ་ངོ་སུམ་ཅུའི་འཕེལ་རྒྱས་བརྒྱུད། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། མིག་སྔར། ཀྲུང་གོའི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར་11ཙམ་ཟིན་པ་དང་། དྲ་སྦྲེལ་ཁྱབ་གདལ་གཏོང་ཚད་78%ཟིན་ཡོད། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་གནས་པ་དང་། གྲངས་འཛིན་སྲིད་གཞུང་གི་ཕན་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་གོ་དྲ་རྒྱའི་བར་མཐོངས་ཞིབ་འཇུག་ཁང་ཆ་འཕྲིན་ཅན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལི་ཝུའེ་ཡིས། གྲངས་གཞིའི་ལག་རྩལ་དེ་དངོས་ཚན་དཔལ་འབྱོར་དང་དེ་བཞིན་ལས་རིགས་མང་པོ་དང་ མཉམ་འདྲེས་ཐུབ་པ་དང་བསྟུན་ནས། དཔལ་འབྱོར་འཕེལ་རྒྱས་ཆེ་རུ་འགྲོ་བ་དང་། རྩེག་སྣོན། ལྡབ་འཕར་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་འདོན་སྤེལ་ཐུབ་ཡོད་པས། དཔལ་འབྱོར་སྤྱི་ཡོངས་ཁྲོད་ཀྱི་གྲངས་གཞིའི་དཔལ་འབྱོར་གྱི་གནས་བབ་སྔར་བས་གལ་འགངས་ཆེ་རུ་འགྲོ་བཞིན་ཡོད།
2023ལོར། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ཁྲི་12ལས་བརྒལ་བ་དེས། GDPཡི་བསྡུར་ཚད་ཀྱི་10%ཙམ་བཟུང་ནས། ལོ་ལྔ་ཚན་བཅུ་བཞི་པའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་ནང་གཏན་འཁེལ་བྱས་པའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་ཐུབ་རེ་ཡོད་པ་རེད།
རྒྱབ་ཤ་སྔོན་པོའི་དེབ་ནང་། མ་འོངས་པར། མི་ཐབས་རིག་ནུས་ལག་རྩལ་ལས་བྱུང་བའི་འཕོ་འགྱུར་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་འགུལ་ནུས་ཆེན་པོ་མཁོ་འདོན་ཐུབ་རྒྱུ་དང་། སྤུས་ཚད་མཐོ་བའི་གྲངས་གཞི་གཅིག་སྡུད་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རྩིས་ནུས་ཐོན་ཁུངས་མཉམ་སྤྱོད་ནུས་ལྡན་ཐུབ་རྒྱུ། མི་ཐབས་རིག་ནུས་ཀྱི་མདུན་གྲལ་ལག་རྩལ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ། དཔེ་དབྱིབས་ཆེན་པོ་དང་གཟུགས་ལྡན་རིག་ནུས་སོགས་ཀྱི་ལག་རྩལ་ཞིབ་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་འཁོད་ཡོད།
ད་ལོའི་ཝུའུ་ཀྲེན་དབུ་ཚོགས་ཐོག མི་ཐབས་རིག་ནུས་ཀྱི་ལག་རྩལ་གསར་གཏོད་དང་བཅོས་སྒྲིག་དང་། མི་ཐབས་རིག་ནུས་ཀྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ནུས་པ་སྤྲོད་རྒྱུ། མི་ཐབས་རིག་ནུས་འགན་འཁུར་བའི་སྒོ་ནས་གསར་སྤེལ་དང་བཀོལ་སྤྱོད་སོགས་ཡན་ལག་གླེང་སྟེགས་ཐོག་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྒྲིག་ཐད་གྲོས་བསྡུར་ཚ་ཚ་འུར་འུར་བྱས་ཡོད། ཚོགས་ཞུགས་སྐུ་མགྲོན་གྱིས་དེང་རབས་ཅན་འཛུགས་སྐྲུན་ཐད་དྲ་སྦྲེལ་གྱི་སྐུལ་འདེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། རང་འགུལ་ངང་ཆ་འཕྲིན་གསར་བརྗེའི་རླབས་རྒྱུན་དང་འཚམ་པ་བྱེད་པ་དང་། མི་ཐབས་རིག་ནུས་དང་། གྲངས་གཞི་ཆེ་མོ། སྤྲིན་རྩིས། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཚན་རྩལ་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་སྒྱུར་མགྱོགས་སུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།