འཛམ་གླིང་ཡོངས་ནས་ཁས་ལེན་བྱེད་པའི་འབྱུང་ཁམས་ཀྱི་གཤེད་མ་དང་། འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱིས་གཏན་འཁེལ་བྱས་པའི་བཙན་འཛུལ་དངོས་རིགས་ཉེན་ཁ་ཆེ་ཤོས་བརྒྱ་ཡི་ནང་ཚུད་པའི་པ་ཙེར་རུས་སྦལ་ཁ་གྲངས་1760རྒྱལ་ནང་དུ་འཁྱེར་ཡོང་བའི་རྐྱེན་གྱིས་དབྱིས་ཆེ་གེ་མོ་ཁྲིམས་ལ་སྦྱར་འདུག
དེ་ནི་རང་རྒྱལ་གྱི་ཕྱིར་འོང་དངོས་རིགས་ཁྲིམས་འགལ་ངང་ནང་འདྲེན་བྱས་པའི་ཉེས་དོན་གྱོད་གཞི་ཐོག་མ་དེ་རེད། སྤྱི་ཟླ་9ཚེས་19ཉིན། ཀྲུའུ་ཧའེ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་དོན་དེའི་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་པ་དང་། ཕྱིར་འོང་དངོས་རིགས་ཁྲིམས་འགལ་ངང་ནང་འདྲེན་བྱས་པའི་ཉེས་པ་བསགས་པ་རྒྱུ་མཚན་དུ་བྱས་ནས་དབྱིས་ཆེ་གེ་མོ་དུས་བཀག་བཙོན་འཇུག་ཟླ་བ་དགུ་བྱ་རྒྱུ་མ་ཟད། དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་བཅུ་གཅོད་རྒྱུ་དང་། བཀག་འཇོག་བྱས་པའི་པ་ཙེར་རུས་སྦལ་1760གཞུང་བཞེས་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད།
རང་རྒྱལ་གྱི་ཉེས་དོན་བཅའ་ཁྲིམས་ཀྱི་དོན་ཚན་344ཡི་ནང་གཏན་འབེབས་ལ་གཞིགས་ན། རྒྱལ་ཁབ་ཀྱི་གཏན་འབེབ་ལས་འགལ་ནས། ཕྱིར་འོང་དངོས་རིགས་ཁྲིམས་འགལ་ངང་ནང་འདྲེན་བྱེད་པ་དང་། ཕྱིར་གློད་པ། གང་སར་དབྱུག་པ་སོགས་བྱས་པ་ཉེས་ཚབས་ཆེན་པོ་ཡོད་ན་བྱས་ཉེས་གཏན་འཁེལ་གྱིས་ཉེས་ཆད་གཅོད་རྒྱུ་རེད།
ཀྲུང་གོ་ཞིང་ལས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ལིའི་ཁྲུན་ཏིང་གིས། དངོས་རིགས་གསར་པ་དེ་རིགས་ལ་རང་རང་གི་རང་བྱུང་དགྲ་ཡའམ་གཉེན་པོ་མེད་ན། གནས་དེ་དག་གི་སྔར་ཡོད་དངོས་རིགས་དང་དེའི་འབྱུང་ཁམས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ཉེན་ཡོད། མ་ཟད་སྲོག་ཆགས་དང་རྩི་ཤིང་གི་སྣེ་རིགས་ཁག་གཅིག་ལ་ལྷན་སྐྱེས་ཀྱི་དུག་གཤིས་ཡོད། དེ་དག་གི་སྐྱེ་འཕེལ་ནུས་པ་དང་གཏོར་བཤིག་ནུས་པ་ཤིན་ཏུ་ཆེ་བས་ཞིང་ལས་ཐོན་སྐྱེད་ཧྲིལ་པོར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེས་ན་ང་ཚོས་འབྱུང་རྩ་ནས་བཀག་འགོག་བྱ་དགོས་ཞེས་གསུངས་འདུག