ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོའོ་རུ་འཚོགས་འགོ་ཚུགས་ཤིང་། ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ།

2024-10-16 10:54:00     责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཚེས་15ཉིན་ཉིང་པོའོ་རུ་འཚོགས་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་གནང་ཡོད།
ཝང་ཧུའུ་ཉིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཤེས་དཔལ་སྤེལ་རེས་བྱས་པས་རྣམ་པར་བཀྲ་བར་འགྱུར་བ་དང་། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱས་པས་ཕུན་སུམ་ཚོགས་སུ་འགྲོ་བ་ཡིན”“ཕན་ཚུན་བརྩི་འཇོག་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་མཉམ་གནས་བཅས་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་ཡིན”ཞེས་བསྟན་གནང་ཡོད། ཞི་བདེ་དང་འཆམ་མཐུན། ཞི་མཐུན་བཅས་ནི་ཀྲུང་ཧྭའི་ཤེས་དཔལ་གྱིས་ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན། ཀྲུང་ཧྭའི་ཤེས་དཔལ་ནི་སྒོ་དབྱེ་དང་ཁོང་ཡངས་ལ་བརྟེན་ནས་འཛམ་གླིང་ཐོག་སྐད་གྲགས་ཆོད་ཡོད་ཅིང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། མཐུན་ལ་མི་འདྲ་བ། བརྩི་འཇོག་དང་ཁོང་ཡངས་བཅས་དར་སྤེལ་བཏང་སྟེ། ཤེས་དཔལ་གཞན་དག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་འཕེལ་བར་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།
ཝང་ཧུའུ་ཉིང་གིས། སྐབས་འདིའི་གླེང་སྟེགས་ཀྱིས“མཉམ་བསམ་མཉམ་སྦྱོར། འཆམ་མཐུན་མཉམ་གནས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད་པ་དང་། དེ་ནི་ཀྲུང་གོའི་ནང་བསྟན་གྱི་སྒོ་དབྱེ་ཁོང་ཡངས་མངོན་པ་དང་འཛམ་གླིང་གི་ནང་བསྟན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་རྒྱས་འཛོམས་ཤིག་ཡིན། རྒྱ་ཆེའི་ནང་བསྟན་ལས་རིགས་མི་སྣས་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཡར་ཐོན་དང་དགེ་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ཐུན་མོང་ཐོག་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། ཀྲུང་གོའི་ནང་བསྟན་ནི་སྔ་ཕྱི་བར་གསུམ་དུ་འཛམ་གླིང་ནང་བསྟན་རྒྱུན་འཛིན་གོང་འཕེལ་གཏོང་བའི་སྐུལ་འདེད་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ནང་བསྟན་ལས་རིགས་ཀྱིས་རང་འགུལ་ངང་གོ་ལ་ཧྲིལ་པོའི་ཆོས་ལུགས་དང་ཤེས་དཔལ་གྱི་སྐད་ཆ་ཤོད་རེས་ནང་ཞུགས་ཏེ། རྒྱལ་ཁབ་ཁག་གི་ནང་བསྟན་ལས་རིགས་དང་མཛའ་གྲོགས་སྤེལ་རེས་དང་། དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་འདུ་ཤེས་གལ་ཆེན་བཏོན་གནང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས “གྲོས་འགོ་ཆེན་པོ་གསུམ”བཏོན་གནང་ནས། མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པར་ཇུས་གཞི་གསར་པ་མཁོ་འདོན་གནང་བ་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་གཏོད་པར་འཆར་གཞི་གསར་པ་བཀོད་གནང་ཞིང་། འགྱུར་ལྡོག་དང་རྙོག་འཛིང་སྣོལ་འདྲེས་སུ་ཐོན་པའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན། དྲང་ནུས་བཅས་བསྣན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་མ་འཚོག་གོང་། ཝང་ཧུའུ་ཉིང་གིས་གླེང་སྟེགས་ནང་ཞུགས་མཁན་སྐུ་མགྲོན་གྱི་འཐུས་མིར་མཇལ་འཕྲད་གནང་བ་རེད། ཧྲི་ཐའེ་ཧྥེང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

中央广播电视总台 央广网 版权所有

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོའོ་རུ་འཚོགས་འགོ་ཚུགས་ཤིང་། ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་གསུངས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཚེས་15ཉིན་ཉིང་པོའོ་རུ་འཚོགས་འགོ་ཚུགས་ཡོད།