ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོག་དང་མཇལ་མོལ་གནང་བ།

2024-09-13 10:57:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ས་གནས་དེ་གའི་དུས་ཚོད་ཟླ་9པའི་ཚེས་12ཉིན་གྱི་ཕྱི་དྲོ་ཏི་པའེ་ཡི་དཀྲ་པེར་ཕོ་བྲང་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོག་མུ་ཧན་མུ་ཏེ་དང་མཇལ་མོལ་གནང་ཡོད།

  ལི་ཆང་གིས། ད་ལོ་ནི་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཡིན། འདས་ཟིན་པའི་ལོ་40ནང་། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་བ་དང་། དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་དུས་ཡུན་རིང་པོའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དེ་ཀྲུང་གོའི་དབུས་ཤར་ཕྱི་འབྲེལ་གྱི་སྔོན་འགྲོའི་གནས་བབས་ཐོག་འཇོག་གི་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མུ་མཐུད་ནས་མཉམ་དུ་མདུན་སྐྱོད་བྱེད་པ་དང་། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། ཕྱོགས་གཉིས་འབྲེལ་བའི་ཆབ་སྲིད་རྨང་གཞི་བརྟན་པོ་འཛུགས་པ། ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱུན་མཐུད་ངང་གསོན་ཤུགས་གསར་པ་འཕེལ་བ་དང་། གྲུབ་འབྲས་གསར་པ་དེ་བས་མང་བ་ཐོབ་པ་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་བསྟན་ཡོད།

  ལི་ཆང་གིས། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནི་ཐུན་མོང་གོང་འཕེལ་འགྲོ་ལམ་ཐོག་གི་རོགས་ཟླ་ཡག་པོ་ཡིན་པས། མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་གྲུབ་འབྲས་ཐོབ་རྒྱུར་རོགས་རམ་བྱེད་པ་དེ་ཕྱོགས་གཉིས་པོའི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། གཉིས་ཕན་གཉིས་རྒྱལ་དེ་བས་ལེགས་པ་ཡོང་འདོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མཉམ་ལས་བྱེད་གཞི་སྔར་བས་བསྔོགས་འདོན་བྱེད་པ་དང་། ཕན་ཚུན་བཟང་ཆ་གསབ་རེས་གང་ལེགས་བྱེད་པ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་སོ་སོའི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་གི་ཡོད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་མ་འཇོག་བྱས་ནས་བྱ་གཞག་དར་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་གི་ཡོད་ཅེས་བསྟན་ཡོད་པ་རེད།

  མུ་ཧན་མུ་ཏེས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བའི་ཐད་ཀྲུང་གོར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཀྲུང་གོར་ཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་ཆེན་པོར་ཡིད་རངས་ཆེན་པོ་བྱེད་ལུགས་བསྟན་ཡོད། མུ་ཧན་མུ་ཏེས། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུགས་ཁུར་དང་སྣེ་ཁྲིད་འོག ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བར་ཉེ་བའི་ལོའི་ནང་ཡུན་རིང་གོང་འཕེལ་བྱུང་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་ནས་ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། སྔ་བར་ཕྱི་གསུམ་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་དེ་གོ་སྐབས་སུ་བརྩིས་ནས། རང་ངོས་ཀྱི་བཟང་ཆ་སྔར་བས་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉོ་ཚོང་གཞི་ཁྱོན་རྒྱ་ཆེར་གཏོང་བ། མ་འཇོག་དང་ནུས་རྒྱུ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱེད་པ་བཅས་བྱས་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རིམ་གསར་པ་ཟམ་མི་ཆད་པ་ཐོན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།

  ཉིན་དེ་གའི་སྔ་དྲོ། མུ་ཧན་མུ་ཏེས་ཨ་པུ་དཀྲ་པེ་མེས་རྒྱལ་ཕོ་བྲང་དུ་ལི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།

   

中央广播电视总台 央广网 版权所有

ལི་ཆང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལི་གཅིག་ལྕོག་དང་མཇལ་མོལ་གནང་བ།

 ཉིན་དེ་གའི་སྔ་དྲོ། མུ་ཧན་མུ་ཏེས་ཨ་པུ་དཀྲ་པེ་མེས་རྒྱལ་ཕོ་བྲང་དུ་ལི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་ཡོད།