སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟན་ལྷིང་དང་གོ་རིམ་ལྡན་པའི་ཁྲིམས་སྐྱོང་གི་ཁོར་ཡུག་བཏོད་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་6ཉིན“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པའི་བརྗོད་བྱ་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ནས། ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བའི་ཐད་ཐོབ་པའི་ཕན་འབྲས་གསར་པ་ངོ་སྤྲོད་བྱས་ཡོད་པ་རེད།
ན་ནིང་ནས་བཟུང་། ཁྲིམས་འཛིན་པུས་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། 2023ལོར། ཁྲིམས་འཛིན་པུས་ཁྲིམས་འཛུགས་རྣམ་གྲངས་51ལ་ཞིབ་བཤེར་བྱས་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་96.2%འཕར་ཡོད་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ནུས་ལྡན་སྲིད་འཛིན་ཁྲིམས་སྲོལ་600ལྷག་ལ་གཅིག་སྡུད་ཀྱིས་གཙང་བཤེར་བྱས་ཡོད།
ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ནས། ཁྲིམས་འཛིན་པུས་གཞུང་དཔང་ལག་ཁྱེར་ཉུང་གཏོང་གི་དམངས་ཕན་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཏེ། སྤྱི་ཚོགས་ལ་དཔང་ཡིག་རིགས་33གྱི་རྣམ་གྲངས་ཁག་81ཚད་ལྡན་བཟོས་པའི་གསལ་ཐོ་ཡོངས་བསྒྲགས་བྱས་པ་དང་། དགོས་མེད་ཀྱི་དཔང་ཡིག་རྣམ་གྲངས་ཁག་116མེད་པ་བཟོས་ནས། དཔང་ཡིག་རེས་འཁོར་དང་དོན་མེད་དཔང་ཡིག་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།
རང་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས་ཀྱི་ཕྱི་རྒྱལ་དུ་ཡོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ཁྲིམས་འཛིན་པུའུ་ཡིས་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་སྐྱོང་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔར། ཀྲུང་གོའི་ཁྲིམས་རྩོད་པའི་ལས་གཉེར་ཁང་གིས་རྒྱལ་ཁབ་དང་ས་ཁུལ་37དུ་ཡན་ལག་སྒྲིག་གཞི་207བཙུགས་ཡོད་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་བྱེད་མཁན་ཁྲིམས་རྩོད་པ་ཁྲི་1.2ལྷག་ཙམ་ཡོད་ཅིང་། 2018ལོ་དང་བསྡུར་ན། རང་རྒྱལ་གྱི་ཁྲིམས་རྩོད་པའི་ལས་གཉེར་ཁང་གི་ཕྱི་རྒྱལ་དུ་བཙུགས་པའི་ཡན་ལག་སྒྲིག་གཞིའི་གྲངས་འབོར་69.67%འཕར་ནས། རང་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས“ཕྱིར་བསྐྱོད་རྒྱུར”ཞབས་འདེགས་ནུས་ལྡན་ཞུ་ཐུབ་ཀྱི་ཡོད་པ་རེད།