ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་17པའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་8ཉིན་སྐབས་17པའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ཡོད།
རྟེན་འབྲེལ་གློག་འཕྲིན་ནང་། སྐབས་17པའི་དབྱར་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐོག རང་རྒྱལ་གྱི་དབང་པོ་སྐྱོན་ཅན་ལུས་རྩལ་པས་སྙིང་རུས་ཆེན་པོས་བརྩོན་ལེན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ཤིང་། ཉམས་འགྱུར་གང་ལེགས་མངོན་ཏེ། གསེར་གྱི་རྟགས་མ་94དང་། དངུལ་གྱི་རྟགས་མ་76 ཟངས་ཀྱི་རྟགས་མ་50བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་བླངས་ཡོད་པ་དང་། འགྲན་བསྡུར་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀའི་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། མེས་རྒྱལ་དང་མི་དམངས་ལ་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱེད་རྣམ་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐབས་འདིའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཐོག ཁྱེད་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཐོག “འགན་འཁྲི་ཕྲག་ཏུ་འཁུར། འབད་འཐབ་བྱེད་མཁན་ང་ཡོད”ཅེས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཔའ་ངར་ཆེར་སྐྱེད་དང་། ཞུམ་པ་མེད་པའི་སྤྱོད་ཚུལ། གཟེངས་སུ་ཐོན་པའི་རྣམ་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་དབང་པོ་སྐྱོན་ཅན་ལུས་རྩལ་ལས་འགུལ་གྱི་མཐོ་ཚད་གསར་པ་གསལ་པོར་བཀོད་ཡོད་པ་དང་། དུས་རབས་གསར་པའི་རང་རྒྱལ་གྱི་དབང་པོ་སྐྱོན་ཅན་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་མཚོན་པར་བྱས་ཡོད། ཁྱེད་ཚོས་ཀྲུང་ཧྭའི་ལུས་རྩལ་གྱི་སྙིང་སྟོབས་དང་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། ཚད་གཞི་མཐོ་ཤོས་ལ་འགྲན་སློང་དང་། ཕུལ་བྱུང་དོན་གཉེར། བློ་སྤོབས་དང་སྤྲོ་སྣང་། སྒོ་དབྱེ་མཛའ་གྲོགས་བཅས་ཀྱི་ཐོག་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་ཡོད། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོའི་ཆེད་གཟི་བརྗིད་དང་སྤོབས་པ་སྐྱེ་ཡི་འདུག
ཁྱེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག དབང་པོ་སྐྱོན་ཅན་པའི་ལུས་རྩལ་གྱི་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དར་སྤེལ་གཏོང་བ་དང་། ཡང་འབད་བསྐྱར་འབད་བྱེད་པ། གྲུབ་འབྲས་བཟང་པོ་གཏོད་པ། རྒྱ་ཆེའི་དབང་པོ་སྐྱོན་ཅན་ཚོས་བདེ་ཐང་སླར་གསོའི་ལུས་སྦྱོང་ཧུར་ཐག་བྱ་རྒྱུར་སྐུལ་མ་གཏོང་བ། སྤྱང་གྲུང་དང་བློ་གྲོས་ཡོད་ཚད་འདོན་པ་བཅས་བྱས་ཏེ། མི་ཚེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ཤིང་། སྤྱི་ཚོགས་ཡོངས་ལ་རང་གིས་རང་ལ་ཡིད་ཆེས་ཡོད་པ་དང་རང་སྟོབས་རྒྱས་པར་བྱེད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་བཅས་ལ་བསྔགས་སྐུལ་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མཉམ་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་སྐུལ་ལྕག་བྱ་རྒྱུའི་རེ་བ་ཡོད།
མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོ་བདེ་འཇགས་དང་རྒྱལ་ཁའི་ངང་ཕྱིར་ལོག་ཐུབ་པའི་རེ་སྒུག་བྱེད་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།