ཧན་ཀྲེང་གིས་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཟླ་9ཚེས་6ནས་8ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གདན་ཞུས་ལྟར་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཤིང་། ཨུ་ལན་པཱ་ཐུའོ་དུ་སྔ་རྗེས་སུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་ཨའོ་ཡུན་ཨེར་ཏེང་དང་། ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ། རྒྱལ་ཁབ་གྲོས་ཚོགས་ཁང་ཆེན་མོའི་ཀྲུའུ་ཞི་ཨཱ་མ་འར་པ་དབྱི་སི་ཀེ་ལེང་བཅས་དང་མཇལ་འཛོམས་གནང་བ་རེད།
ཨའོ་ཡུན་ཨེར་ཏེང་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་དུས་མཚམས་རྗེས་མའི་ཀྲུང་མོང་གི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་གྲོས་འགོ་ཁག་ལྔ་བཏོན་པ་སྟེ། གཅིག་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་དགོས། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་ལག་བསྟར་བརྟན་པོ་བྱས་ནས་། ཐའེ་ཝན་དང་། བོད་ལྗོངས། ཤིན་ཅང་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། གཉིས་ནི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ནུས་ཁུངས་དང་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གསུམ་ནི་མི་དམངས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་ཕྱོགས་དང་གཞོན་ནུ་ལོ་ཆུང་དང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ། གསར་འགྱུར་སྨྱན་སྦྱོར་བཅས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། བཞི་ནི་ཀྲུང་གོ་དང་།མོང་གོལ།ཨུ་རུ་སུ་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་།མོང་གོལ།ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། ལྔ་ནི་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་མཐུན་སྦྱོར་ཟབ་ཏུ་གཏོང་དགོས་པ་བཅས་ཡིན།
ཨའོ་ཡུན་ཨེར་ཏེང་གིས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱི་ཕྱོགས་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་ཐད་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་མོང་གོལ་ཕྱོགས་ཀྱིས་གཅེས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལེགས་འགྲུབ་ལྡན་པའི་སྒོ་ནས་སྐོང་འཚོགས་བྱས་པར་ལྷག་བསམ་ཟོལ་མེད་ངང་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བཅས་བྱས་ནས། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
ཧུའུ་རི་ལེ་སུའུ་ཧོ་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་དང་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་ནས། ཀྲུང་མོང་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་མོང་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས། ཕྱོགས་གཉིས་པོས་ཀྲུང་མོང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ཀྲུང་མོང་གི་སྲོལ་རྒྱུན་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཧུའུ་རི་ལེ་སུའུ་ཧོ་ཡིས་ཧན་ཀྲེང་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། ཧན་ཀྲེང་ནས་ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་བརྒྱུད་བསྒྲགས་གནང་རོགས་ཞེས་ཞུས་པ་དང་འབྲེལ། མོང་གོལ་རྒྱལ་ཁབ་དང་ཀྲུང་གོ་ནི་རང་བྱུང་གི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། མོང་གོལ་ཕྱོགས་ཀྱིས་མོང་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མོང་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཏེ། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན་ཡོད།
ཨཱ་མ་འར་པ་དབྱི་སི་ཀེ་ལེང་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་འབྲེལ་སྲིད་ཇུས་ཀྱི་བྱེད་ཕྱོགས་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱས་པར་བསྔགས་བརྗོད་གནང་བ་དང་། མོང་གོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བར་བསྔགས་བརྗོད་གནང་བ། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མོང་གོལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཁང་ཆེན་མོས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་འབྲེལ་བ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་རྒྱུའི་རེ་བ་ཡང་བཏོན་གནང་བ་རེད།
ཨཱ་མ་འར་པ་དབྱི་སི་ཀེ་ལེང་གིས་ཀྲུང་གོ་དང་གཉིས་ཕན་གཉིས་ཁེའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུ་ནི་མོང་གོལ་རྒྱལ་ཁབ་ཀྱི་འཐབ་ཇུས་གདམ་ག་དང་སྲིད་འཛིན་དང་སྲིད་འཛིན་མ་ཡིན་པའི་ཕྱོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་དང་སྤེལ་རེས་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།