རྒྱལ་ཁབ་འཕྲོད་བསྟེན་བདེ་ཨུ་ལྷན་གྱི་ཀྲུའུ་རེན་ལའེ་ཧའེ་ཁྲའོ་ལ་ཆེད་དོན་བཅར་འདྲི་ཞུ་སྐབས་ཁོང་གིས། བདེ་ཐང་གལ་ཆེ་བར་འཇོག་པའི་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ཆེད་དུ་བདེ་ཐང་གི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་ཐུན་མོང་གི་རེ་སྙེག་ཀྱང་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གསོ་རིག་དང་སྨན་རྫས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་བླང་བྱ་གསར་པ་བཏོན་པ་དང་བཀོད་སྒྲིག་གསར་པ་བྱས་ཡོད། དེའི་ཐད་རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན་གྱི་ཀྲུའུ་རེན་ལའེ་ཧའེ་ཁྲའོ་ལ་ཆེད་དོན་བཅར་འདྲི་ཞུས་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་༼གཏན་འབེབས་༽ནང་། བདེ་ཐང་གལ་ཆེ་བར་འཇོག་པའི་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱ་དགོས་ཞེས་བཏོན་ཡོད། ལའེ་ཧའེ་ཁྲའོ་ཡིས། མིག་སྔའི་ཆར་གསོ་རིག་དང་སྨན་རྫས་དང་འཕྲོད་བསྟེན་གྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱེད་པར། སྤྱི་ལོ་༢༠༣༥ལོར་བདེ་ཐང་ཀྲུང་གོ་བཙུགས་ཚར་བར་བྱེད་པའི་དམིགས་འབེན་ལ་དམིགས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་མུ་མཐུད་ནས་འཐུས་ཚང་དང་གོང་འཕེལ་གཏོང་བ། བདེ་ཐང་གལ་ཆེ་བར་འཇོག་པའི་གོང་འཕེལ་གྱི་འཆར་འགོད་དང་། མ་འཇོག བཅོས་སྐྱོང་སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་འཛུགས་པ་བཅས་ཀྱི་ཐོག་ནས། བདེ་ཐང་སྲིད་ཇུས་ཚང་མའི་ནང་འདུས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ལའེ་ཧའེ་ཁྲའོ་ཡིས། སྒྲིག་གཞི་དང་ལམ་སྲོལ་དེ་བས་འཐུས་ཚང་ཇུས་བཀོད་བྱས་ཏེ། མང་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཕྱོགས་གང་ཅིའི་ཐད་དེ་བས་སྟབས་བདེ་དང་དེ་བས་སྤུས་ལེགས་དེ་བས་ལས་ཕྱོད་ཆེ་བ་བཅས་ཡོང་ཐུབ་པར་བྱེད་དགོས། ད་ལྟ་ང་ཚོར་འཕྲད་པ་ནི་འགོས་ནད་ཀྱི་ཉེན་ཁ་ཡིན་ལ་ད་དུང་གཅོང་ནད་རང་བཞིན་གྱི་འགོས་ནད་མིན་པའི་ནད་རིགས་ཀྱི་ཉེན་ཁ་ཡང་ཡིན། ང་ཚོས་སྔོན་འགོག་སྔ་ཙམ་བྱེད་པ་དང་། སྔ་ཙམ་བརྟག་དཔྱད་དང་སྔ་ཙམ་སྨན་བཅོས་བྱས་ཏེ། སྤྱི་ཚོགས་ཀྱི་ཚན་པ་དེ་བས་མང་བ་དང་མི་སྒེར་དེ་བས་མང་བ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་བདེ་ཐང་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་དུ་ཞུགས་ཐུབ་པར་བྱ་དགོས་ཞེས་གསུངས་ཡོད།
༼གཏན་འབེབས་༽ནང་རིམ་པ་དབྱེ་ནས་ནད་བརྟག་སྨན་བཅོས་བྱེད་པའི་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བའི་ལས་འགན་ཁ་གསལ་བཏོན་པ་དང་། དེའི་ཞིབ་ཕྲའི་དམིགས་ཡུལ་སྒོ་ནས་བཤད་ན་༼ན་ཚ་ཆེ་བའི་རིགས་ཞིང་ཆེན་ནང་དུ་ཐག་གཅོད་ཐུབ་པ་དང་། སྤྱིར་བཏང་གི་ནད་རིགས་གྲོང་ཁྱེར་དང་རྫོང་དུ་ཐག་གཅོད་ཐུབ་པ། རྒྱུན་གཏན་གྱི་མགོ་ན་བ་དང་ཚ་བ་རྒྱས་པ་སོགས་ཤང་དང་གྲོང་ཚོ་ནས་ཐག་གཅོད་ཐུབ་པར་༽བྱ་རྒྱུ་དེ་རེད། ལའེ་ཧའེ་ཁྲའོ་ཡིས། སླད་ཕྱིན་སྤུས་ཀ་ལེགས་པའི་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྐྱོད་ཐུབ་པ་དང་ས་ཁོངས་དོ་སྙོམས་ཡོང་རྒྱུ་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བརྒྱུད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།
ལའེ་ཧའེ་ཁྲའོ་ཡིས། དབུས་ནུབ་ས་ཁུལ་གྱི་འཕྲོད་བསྟེན་དང་བདེ་ཐང་གི་དོ་སྙོམས་གོང་འཕེལ་ལ་རོགས་རམ་དེ་བས་ལེགས་པར་བྱ་དགོས། འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་སྤྱི་ཡོངས་ཀྱི་ནུས་པ་མཐོ་རུ་འགྲོ་རྒྱུར་ཆ་ཕྱོགས་སྙོམ་པོའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ལ་རོགས་རམ་བྱེད་པ། གོང་རིམ་ནས་འོག་རིམ་ལ་རིམ་པ་ལྟར་སྣེ་ཁྲིད་བྱེད་པ། ད་ལྟ་སྐུལ་འདེད་གཏོང་བཞིན་པའི་སྨན་བཅོས་ཚོགས་པ་དང་དམ་ཟབ་རང་བཞིན་གྱི་སྨན་འབྲེལ་མ་ལག་གི་འཛུགས་སྐྲུན་དེ་ནི་སྨན་བཅོས་ཞབས་ཞུ་ལེགས་སུ་གཏོང་བའི་རྒྱུན་མཐུད་རང་བཞིན་གྱི་གནད་དོན་ཅིག་རེད་ཅེས་གསུངས་ཡོད།
༼གཏན་འབེབས་༽ནང་། སྤྱི་ཕན་རང་བཞིན་སྟོན་ཕྱོགས་སུ་བྱས་པའི་གཞུང་བཙུགས་སྨན་བཅོས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་ཞེས་ཁ་གསལ་བསྟན་ཡོད། ལའེ་ཧའེ་ཁྲའོ་ཡིས། སྤྱི་ཕན་རང་བཞིན་ལ་སྲུང་སྐྱོང་དང་། ཧུར་བརྩོན་རང་བཞིན་སྐུལ་སློང་། རྒྱུན་མཐུད་རང་བཞིན་འགན་ལེན་བཅས་བྱེད་པའི་གཞུང་བཙུགས་སྨན་ཁང་ལས་གཉེར་ལམ་སྲོལ་འཐུས་ཚང་འཛུགས་རྒྱུ་མགྱོགས་སུ་གཏོང་བ་དང་། དམིགས་ཡུལ་གཅིག་མཚུངས་དང་། སྲིད་ཇུས་འབྲེལ་མཐུད། ཆ་འཕྲིན་མཉམ་མཐུད། ལྟ་འདོམས་མཉམ་འགུལ་སོགས་ཀྱི་སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་རིག་དང་སྨན་རྫས་བཅས་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་འཛུགས་པ། སྨན་བཅོས་ཞབས་ཞུ་གཙོ་ཁྲིད་དུ་བྱེད་པ་མཚོན་པའི་གྲོན་བསྡུའི་ལམ་སྲོལ་འཐུས་ཚང་འཛུགས་པ། ཐོབ་ཆའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་གསུངས་ཡོད།
ལའེ་ཧའེ་ཁྲའོ་ཡིས། སྤྱི་ཕན་རང་བཞིན་ལ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱ་ཆེད། སྨན་ཁང་གི་སྨན་དོན་མི་སྣའི་ཡོང་འབབ་གྲུབ་ཆའི་ཁྲོད་གྲུབ་གཞིའི་རང་བཞིན་གྱི་ལེགས་སྒྲིག་བྱེད་པ་དང་། གཏན་འཇགས་ཡོང་འབབ་ཀྱི་བསྡུར་ཚད་དེ་རིགས་དེ་མཚུངས་ཀྱིས་ཆེ་རུ་གཏོང་དགོས། རིན་གོང་མ་ལག་བསྒྱུར་བཅོས་ཀྱི་གལ་ཆེའི་ཁ་ཕྱོགས་ནི་ནད་ཐོག་སྨན་བཅོས་ཁྲོད་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་བྱང་ཆུབ་པ་ར་སྤྲོད་ཐུབ་པའི་ལག་རྩལ་དེ་དག་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་ཆོག་པའི་རྣམ་གྲངས་སུ་བརྩིས་ནས་ཁ་གསབ་བྱེད་པ་དང་། ཁ་གསབ་བྱེད་པ་བརྒྱུད་གསོ་རིག་ལག་རྩལ་གསར་གཏོད་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ལའེ་ཧའེ་ཁྲའོ་ཡིས་ད་དུང་། འབྱུང་འགྱུར་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྲིད་དོན་གཙང་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ལས་རིགས་ཀྱི་ལྟ་འདོམས་བྱ་ཐབས་གསར་གཏོད་བྱེད་པ་བརྒྱུད། རུལ་སུངས་ཀྱི་གནད་དོན་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་མུ་མཐུད་བཅོས་སྒྲིག་བྱ་དགོས་ཞེས་གསུངས་ཡོད།