རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དམག་ཨུད་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་མིའི་གཟིགས་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་དང་ལག་བསྟར་བྱས།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དམག་ཨུད་ཀྱིས་ཉེ་ཆར་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་མིའི་གཟིགས་སྐྱོང་སྲོལ་ཡིག》ཁྱབ་བསྒྲགས་བྱས་ནས་2024ལོའི་ཟླ་10ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ནང་ཁྱོན་ལེའུ་6དང་དོན་ཚན་64ཡོད་པ་དང་། བཟོ་བཅོས་བརྒྱབ་པའི་ནང་དོན་གཙོ་བོ་ནི། གཅིག་ནས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས། དམག་མིའི་འཆོ་གོད་གྱོང་གསབ་དང་གཟིགས་སྐྱོང་ལས་དོན་གྱི་ལག་བསྟར་ཐོབ་ཐང་དེ་ཉིད་ལེགས་སྐྱེས་འབུལ་ཆེ་ཆུང་དང་གཅིག་པ་ཡོང་བ་བྱེད་པ་དང་། བསམ་བློ་དང་དངོས་པོ་གལ་ཆེ་མཉམ་ལ་བརྩི་བ། གཅེས་སྐྱོང་དང་ཞབས་ཞུ་ཟུང་འབྲེལ་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བསྟར་རྒྱུ་ཁ་གསལ་བཟོས་ཡོད། གཉིས་ནས་སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་འཚམ་པར་བྱེད་པ་དང་། སྔོན་གཤེགས་དཔའ་བོ་དཔྱད་བསྡུར་གཏན་འཁེལ་དང་། དབང་པོ་སྐྱོན་ཅན་གྱི་འཆི་གོད་གྱོང་གསབ་དངུལ་སྤྲོད་པ་སོགས་ཀྱི་ལས་ཀའི་དམག་དཔུང་དང་ས་གནས་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད། གསུམ་ནས་གཟིགས་སྐྱོང་བྱེད་ཐབས་མང་དུ་བཏང་ནས་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ཡོད། གཟིགས་སྐྱོང་བྱ་ཡུལ་ནས་སྤྱི་ཚོགས་འགན་སྲུང་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ། དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཅས་ལོངས་སུ་སྤྱོད་ཆོག་པ་གཏན་འབེབས་བྱས་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། བཞི་ནས་གཟིགས་སྐྱོང་གི་གོ་རིམ་ལེགས་སུ་བཏང་ནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ཡོད། ཐེངས་གཅིག་རང་བཞིན་གྱི་གཟིགས་སྐྱོང་དངུལ་སྤྲོད་པའི་གོ་རིམ་ཁ་གསལ་བཟོས་ནས་གཟིགས་སྐྱོང་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱས་ཡོད། དབང་པོ་སྐྱོན་ཅན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱེད་པའི་གོ་རིམ་ཞིབ་ཚགས་སུ་བཏང་ནས། དབང་པོ་སྐྱོན་ཅན་གྱི་རིམ་པ་དཔྱད་བསྡུར་གཏན་འབེབས་བྱེད་པའི་གནས་ཚུལ་ཆ་རྐྱེན་ལྷུག་ཏུ་བཏང་ཡོད་པ་བཅས་སོ།