འགྲིམ་འགྲུལ་དང་ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་ལ་འཕེལ་རིམ་གསར་པ་ཐོན་ནས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་འགྲིམ་འགྲུལ་དང་ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་ལ་འཕེལ་རིམ་གསར་པ་ཐོན་ནས། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཡོད།
ཚེས་13ཉིན་གྱི་སྔ་དྲོ་ཞིབ་དཔྱད་ཚད་ལེན་མེ་འཁོར་ཐེངས་55880ཁྲེང་ཏུའུ་ཤར་བབས་ཚུགས་ནས་གཏོང་འགོ་ཚུགས་པ་དང་བསྟུན་ནས། གསར་དུ་བསྐྲུན་པའི་སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ཁྲོན་ཆིང་ལྕགས་ལམ་དང་། ཀྲེན་ཅང་འགག་སྒོ་ནས་ཧོང་ཧྲེང་འགག་སྒོའི་བར་གྱི་དུམ་བུ་དངོས་སུ་འཁོར་སྐྱོད་ཚོད་ལྟའི་དུས་མཚམས་སུ་སླེབས་ཡོད། ཁྲེང་ལན་ལྕགས་ལམ་ཀུང་སིའི་ཁྲོན་ཆིང་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་ལི་ཆུན་གྱིས། ང་ཚོས་འཁོར་རིགས་སྣ་ཚོགས་ས་མཐོར་འཁོར་སྐྱོད་བྱས་ཚུལ་ལ་འཁོར་སྐྱོད་དཔྱད་གྲངས་སྣ་ཚོགས་ཐོབ་ནས། སླད་ཕྱིན་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ལམ་ཐིག་ཧྲིལ་པོ་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་འདུག
རྒྱལ་ཁབ་ཀྱི“གཞུང་བརྒྱད་འཕྲེད་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ལན་ཀྲོའུ་དང་ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཁྲོན་ཆིང་ལྕགས་ལམ་ཀྲེན་ཅང་འགག་སྒོ་ནས་ཧོང་ཧྲེང་འགག་སྒོའི་བར་གྱི་དུམ་བུའི་སྤྱིའི་རིང་ཚད་སྤྱི་ལེ་70ཙམ་ཡོད་པ་དང་སྤྱི་ལོ་2014ལོའི་ཟླ་9པར་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ད་ལོའི་ཟླ་6པར་ལམ་ཐིག་ཧྲིལ་པོའི་ལམ་ཐིག་གཙོ་བོ་འདིང་ཟིན་ཡོད། ཁྲོན་ཆིང་ལྕགས་ལམ་ཀྲེན་ཅང་འགག་སྒོ་ནས་ཧོང་ཧྲེང་འགག་སྒོའི་བར་གྱི་དུམ་བུ་རྒྱལ་སྟོན་དུས་ཆེན་གོང་ཤར་གཏོང་བྱེད་རྩིས་ཡོད་པས། དེ་དུས་ཤུགས་འགྲེམས་མེ་འཁོར་ཧོང་ལུང་ཅིའུ་ཀྲའེ་ས་ཚིགས་སུ་ཐད་ཀར་ཤར་གཏོང་ཐུབ་རྒྱུ་རེད། འབྱུང་འགྱུར་ཡུལ་སྐོར་བས་ཧོང་ལུང་ཅིའུ་ཀྲའེ་བབས་ཚུགས་ནས་ཐོན་ཏེ་རླངས་འཁོར་ནང་སྐར་མ་30ཙམ་བསྡད་རྗེས་ཧོང་ལུང་དུ་སླེབས་ཐུབ་པ་དང་། ཆུ་ཚོད་1དང་སྐར་མ་40ཙམ་ནང་གཟི་ཚ་སྡེ་དགུའི་ལུང་ཤུར་དུ་སླེབས་ཐུབ་པས། ཁྲེང་ཏུའུ་ནས་མཛེས་ལྗོངས་ཁུལ་ཆེན་པོ་གཉིས་བར་གྱི་རླངས་འཁོར་གྱི་ལམ་ཐག་ཆེས་ཆེར་ཐུང་དུ་འགྲོ་རྒྱུ་ཡིན་པ་རེད།
ཉེ་ཆར་ཞ་མོན་ཞང་ཨན་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་ཁུལ་གྱི་སྐམ་སའི་འགྲིམ་འགྲུལ་ལས་གྲྭའི་ནུབ་འཛུལ་ལམ་གྱི་ས་འོག་བགྲོད་ལམ་གྱི་རྩེ་པང་མཐའ་མ་དེ་བདེ་བླག་ངང་ལུག་རྒྱག་བྱས་པའི་ཐོག་ནས། ཧྥུའུ་ཅན་ཞིང་ཆེན་ནང་ཁུལ་དུ་སྐྲུན་བཞིན་པའི་འོག་བརྒྱུད་བགྲོད་ལམ་ཆེ་ཤོས་བདེ་བླག་ངང་བཀག་ཡོད་པ་མཚོན་གྱི་ཡོད་པ་རེད།
ཞ་མོན་ཞང་ཨན་གནམ་ཐང་མཁའ་འགྲུལ་ས་ཚིགས་ཁུལ་གྱི་ནུབ་འཛུལ་ལམ་གྱི་ས་འོག་བགྲོད་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་447ཡོད་ཅིང་། དེ་ནི་གནམ་ཐང་གི་ལངས་གཟུགས་འགྲིམ་འགྲུལ་མ་ལག་ཁྲོད་ཀྱི་རླངས་འཁོར་འགྲོ་སྐྱོད་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། ལམ་དེ་ཤར་གཏོང་ཐུབ་རྗེས་རླངས་འཁོར་འཕར་འགྲོ་ཚུར་འོང་བྱེད་ཚད་ཀྱིས་70%ཙམ་ཟིན་རྒྱུ་རེད། ད་ཐེངས་ལུགས་རྒྱག་པར་གནམ་འཐེན00་འཕྲུལ་འཁོར་3གྱིས་དུས་མཉམ་དུ་ལས་ཀ་བྱེད་པ་དང་ཨར་འདམ་སྲུབ་དཀྲུག་འཕྲུལ་འཁོར་50ལྷག་ཙམ་གྱིས་རེས་མོས་ཀྱིས་མཁོ་སྤྲོད་བྱས་པ། ལུགས་རྒྱག་དུས་ཡུན་ཆུ་ཚོད་40ཙམ་ཟིན་གྱི་ཡོད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་བདུན་པའི་ཚོགས་པའི་རྣམ་གྲངས་ཀྱི་ཐོན་སྐྱེད་སྤྱི་གཉེར་ཀུའོ་ཝུའེ་ཝུའེ་ཡིས། ད་ཐེངས་ཀྱི་ལུགས་རྒྱག་བགྲོད་ལམ་གྱི་ཞེང་ཚད་ཆེ་ཤོས་ལ་སྨི་101ཡོད་པ་དང་ཕྱོགས་གཉིས་ཀྱི་འཁོར་ལམ་14ཡོད། ང་ཚོས་རིམ་པ་དབྱེ་བ་དང་དུམ་བུ་དབྱེ་ནས་ལུགས་རྒྱག་སྟངས་སྤྱད་ཡོད། དེའི་ལྗིད་ཚད་ཏུན་ཁྲི་1དང་འདྲ་པོ་ཡོད་ཅེས་གསུངས་འདུག
ཞ་མོན་ཞང་ཨན་གནམ་ཐང་སྤྱི་ལོ་2026ལོར་བསྐྲུན་ཟིན་ནས་འཁོར་སྐྱོད་བྱེད་རྩིས་ཡོད་པས། སྐབས་དེ་དུས་ལོ་རེར་འགྲུལ་པ་མི་ཐེངས་ཁྲི་4500སྐྱེལ་འདྲེན་བྱ་ཐུབ་རྒྱུུ་དང་ཟོག་དངོས་དང་སྦྲག་སྐྱེལ་འདོན་འཇུག་བྱེད་ཚད་ཏུན་ཁྲི་75ཟིན་རྒྱུ་ཡིན་པས། ཞ་མོན་དེ་རྒྱལ་སྤྱིའི་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་གྲོང་ཁྱེར་ཞིག་ཏུ་གཏོད་རྒྱུ་དང་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་གོང་འཕེལ་གྱི་དཔེ་སྟོན་ཁུལ་མགྱོགས་མྱུར་བསྐྲུན་རྒྱུར་མཁའ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཧའེ་ནན་བོད་རིགས་རང་སྐྱོང་ཁུལ་དུ། འཕྲུལ་ཚན་ཨང་3པའི་འཁོར་ལོ་བདེ་བླག་ངང་འཕྲུལ་འཁོར་དོང་དུ་དཔྱངས་པ་དང་བསྟུན་ནས། གཡམ་ཆུ་ཆུ་གློག་ས་ཚིགས་ཀྱི་ཆུ་འཁོར་འཁོར་ལོ་3ཚང་མ་དཔྱངས་འདེགས་སྒྲིག་སྦྱོར་བྱས་ཏེ་ཆུ་གློག་ས་ཚིགས་ཀྱིས་ལོ་འདིར་“ལོ་གཅིག་ལ་མ་འཇོག་ཐེངས་གསུམ་”གྱི་གློག་གཏོང་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་རྨ་ཆུ་ཀུང་སིའི་ལས་གྲྭ་འཛུགས་སྐྲུན་ཡན་ལག་ཀུང་སིའི་འཕྲུལ་གློག་པུའི་ཀྲུའུ་རེན་ཏོའུ་ཞའོ་ལེའང་གིས། གློག་ཁང་བསྐྲུན་རྗེས་ཆ་སྙོམས་ལོ་རེར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་47དང་བྱེ་བ་3དང་ས་ཡ་2ཟིན་རྒྱུ་ཡིན་ཞིང་། དེས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཐེབས་རྒྱུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གཏོད་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།