འབྲི་ཆུའི་དབུས་སྨད་རྒྱུད་དུ་ཆར་པ་རྒྱུན་མཐུད་བབས་པས། ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་ཆུ་ལོག་འགོག་པ་དང་གེགས་སེལ་བྱེད་བཞིན་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ་༧ཚེས་༡ཉིན་དྲག་ཆར་གྱི་སྔོན་ཚུད་ཉེན་བརྡ་རིམ་པ་གཉིས་པ་མུ་མཐུད་བཏང་བ་དང་། རང་རྒྱལ་གྱི་འབྲི་ཆུའི་དབུས་སྨད་རྒྱུད་ནས་ཀུའེ་ཀྲོའུ་དང་ཀོང་ཞི་སོགས་ས་ཆར་སྔར་བཞིན་དྲག་ཆར་བབས་པས། ས་གནས་ཁག་གིས་ཁ་གཏད་ཧུར་ཐག་གཅོག་པ་དང་ནུས་ཤུགས་ཡོད་རྒུས་ཆུ་ལོག་འགོག་པ་དང་གེགས་སེལ་བྱེད་བཞིན་ཡོད།
ཧུའུ་ནན་གྱི་ས་ཆ་མང་པོར་དྲག་ཆར་བབས་ཡོད། ཚེས་༡ཉིན་གྱི་ཐོ་རེངས་སུ་ཆར་པ་འབབ་པའི་རྐྱེན་གྱིས་ཤང་ཞི་ཧྥེང་ཧོང་རྫོང་གི་གནའ་གྲོང་ཐོ་ཅང་གཙང་པོའི་ཆུ་ཁ་རྒྱས་པས། འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་འཕྲལ་སྒྲུབ་ལན་ཆ་དེ་རིམ་པ་༣པར་སྤར་ཡོད། ཉིན་ཤས་བསྟུད་མར་ཆར་པ་བབ་པའི་དབང་གིས། ཅང་ཞི་ཅིའུ་ཅང་གཙང་པོའི་ས་ཆ་མང་པོའི་ཆུ་ཁ་རྒྱས་པས། ས་གནས་དེ་གའི་ཏང་ཡོན་དང་ལས་བྱེད་པས་ཆུ་ཚོད་༢༤རིང་ཆུ་རགས་ལ་སྐོར་ཞིབ་བྱས་ནས་ཉེན་ཁ་ཞིབ་བཤེར་དང་ཆུ་ལོག་འགོག་པའི་དངོས་ཟོག་སྐྱེལ་འདྲེན་བྱས་ཡོད། ཚེས་༡ཉིན་གྱི་སྔ་དྲོ་དབྱི་ཁྲུན་དབྱི་ཧྥེང་རྫོང་ཁོངས་ཀྱི་ཞིང་ཆེན་གཞུང་ལམ་ཞིག་གི་ལམ་བུ་རྡིབ་པའི་དབང་གིས་རླངས་འཁོར་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པས། གཞུང་ལམ་སོགས་སྡེ་ཚན་གྱིས་འཕྲུལ་ཆས་ཆེ་གྲས་བཏང་ནས། གཏོར་སྐྱོན་ཕོག་པའི་འགྲོ་ལམ་དུས་ཐོག་ཏུ་ཤར་བགྲོད་ཐུབ་པ་བྱས་ཡོད།
དྲག་ཆར་བབས་པའི་རྐྱེན་གྱིས་ད་དུང་ཨན་ཧུའེ་ཁྲི་ཀྲོའུ་ཏུང་ཀྲི་རྫོང་ཧྲེང་ལི་གྲོང་རྡལ་བར་གྱི་གྲོང་ཚོར་བསྐྱོད་སའི་འགྲོ་ལམ་ཁག་གཅིག་ཆུས་བསྣུབས་ཏེ་མང་ཚོགས་དཀའ་ངལ་གྱི་གནས་སུ་གྱར་བས། ས་གནས་དེ་གས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་ཡོད། མིག་སྔར་ཁྲི་ཀྲོའུ་གྲོང་ཁྱེར་གྱིས་མང་ཚོགས་༡༩༠༠ལྷག་ཙམ་གནས་སྤོ་བྱས་ཡོད།
ཆར་པ་བབ་ཚད་ཆུང་དུ་ཕྱིན་པ་དང་བསྟུན་ནས། ཀུའེ་ཀྲོའུ་ཆན་ཏུང་ནན་ཁུལ་ཀྲེན་ཡོན་རྫོང་གི་ཝུའུ་དབྱང་ཧོ་ཆུ་བོའི་ཆུ་ཁ་ཉིན་དེའི་སྔ་དྲོ་སྨི་༤༥༨.༩བར་ཆག་ནས། ཉེན་ཟོན་ཆུ་ཁ་ལས་དམའ་བ་ཡོད་པ་རེད། ས་གནས་དེ་གས་འགོག་རྐྱེན་འཕྲད་པའི་འགྲོ་ལམ་གཙང་སེལ་གྱི་ལས་དོན་མུ་མཐུད་སྤེལ་བ་མ་ཟད། གཞུང་ལམ་ཨ་མའི་འགྲིམ་འགྲུལ་དང་གནོད་འཚེ་ཕོག་པའི་ས་ཁོངས་ཀྱི་གློག་མཁོ་འདོན་གྱི་ལས་དོན་གང་མགྱོགས་སླར་གསོ་བྱེད་བཞིན་ཡོད། མིག་སྔར། ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་པ་རེད།
ཟླ་༦ཚེས་༣༠ཉིན་རྒྱལ་ཁབ་གནོད་འགོག་གནོད་སེལ་གནོད་སྐྱོབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ་ཧུའུ་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ལྔ་ཁྲི་བཞི་སྟོང་ཛ་དྲག་ངང་གཤམ་སྤྲོད་བྱས་ནས། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་བཞིན་ཡོད།
ཟླ་༧ཚེས་༡ཉིན་ཆུ་བེད་པུས་ཆུ་ལོག་འགོག་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ནས། ཆུ་ལོག་འགོག་པའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་། མིག་སྔར་ཁྱོན་ལས་དོན་ཚོགས་ཆུང་དགུ་ཡིས་ཅང་སུའུ་དང་ཀྲེ་ཅང་སོགས་ས་ཁུལ་དུ་ས་གནས་ཀྱིས་ཆུ་ལོག་འགོག་པའི་ལས་དོན་སྤེལ་རྒྱུར་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད།