“ཆེས་མཐོ་གཉིས”ནས་ཉེས་གསོག་འདིའི་རིཊ་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།
ཚེས་28ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་ཐོག་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་དཔེ་མཚོན་གྱོད་དཔེ་ཁག་གཅིག་ཁྱབ་བསྒྲགས་བྱས་ཏེ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་གི་བདེ་འཇགས་འགན་ལེན་བྱས་པ། རྒྱ་ཆེའི་འཛད་སྤྱོད་པར་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་གཅིག་བསྡུས་ཐོག་མཚོན་པར་བྱས་ཡོད།
དཔེ་མཚོན་གྱོད་དཔེ་དེ་བཞི་པོ་ནི། ཧྲེན་ཆེ་གེ་མོ་སོགས་ཀྱིས་སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་གཞི་དང་། ཙེང་ཆེ་གེ་མོས་དུག་ལྡན་དང་གནོད་ལྡན་གྱི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་གཞི། ཧྥུ་ཆེ་གེ་མོས་དུག་ལྡན་དང་གནོད་ལྡན་གྱི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་གཞི། ཀྲང་ཆེ་གེ་མོ་ཡུས་དང་ཀྲང་ཆེ་གེ་མོས་དུག་ལྡན་དང་གནོད་ལྡན་གྱི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་གྱོད་གཞི་བཅས་རེད།
ངོ་སྤྲོད་བྱས་པ་ལྟར་ན། དཔེ་མཚོན་གྱོད་དཔེ་དེ་དག་ནི་སྐམ་ཤའི་ཐོན་རྫས་དང་། ཚོ་བྱང་ཟས་རིགས། འབྲས་ཕྱེ། ཕག་ཤ་བསྙལ་མ་བཅས་ཟས་རིགས་4དང་འབྲེལ་བ་ཡོད་ཅིང་། དེའི་ནང་རྫུན་བཟོ་དང་། ཁྲིམས་འགལ་ངང་ཟས་རིགས་ཀྱི་རྒྱུ་ཆ་མིན་པའི་དུག་ལྡན་དང་གནོད་ལྡན་རྫས་སྦྱོར་རྟ་བྱས་པ་སོགས་དཔེ་མཚོན་ཉེས་གསོག་ཚུད་ཡོད། དེདག་ལས་ཞུ་སྦྱོར་ཕྱི་མ་མང་པོར་ཉེས་ཆད་ལྕི་པོ་བཅད་པ་མ་ཟད་དངུལ་ཆད་མཐོ་པོ་བཅད་པ་དང་། དེའི་ཐོག་ནས་ཁྲིམས་འཛིན་ལས་ཁུངས་ཀྱིས་མི་དམངས་རྩ་བའི་རྩེ་ལ་འཛིན་པ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཆད་པ་ནན་པོ་གཅོད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།
གྲངས་གཞི་ལས་མངོན་པ་ལྟར་ན། 2013ལོ་ནས་2022ལོའི་བར་ཁྲིམས་འཛིན་ལས་ཁུངས་ཀྱིས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ནག་ཉེས་དང་། དུག་ལྡན་དང་གནོད་ལྡན་གྱི་བཟའ་བཅའ་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ནག་ཉེས་ཀྱི་ཉེས་དོན་གྱོད་གཞི་ཁྲི་4.5ལྷག་ཙམ་ཞིབ་གཅོད་བྱས་པ་དང་། མི་ཁྲི་6.2ལྷག་ཙམ་ལ་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བ་མ་ཟད། ད་དུང་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་འབོར་ཆེན་ཞིག་ལ་སྤུས་ཞན་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་བྱས་པའི་ནག་ཉེས་སོགས་འབྲེལ་ཡོད་ཉེས་མིང་གི་ཐོག་ནས་བྱས་ཉེས་གཏན་འཁེལ་གྱིས་ཆད་པ་བཅད་པས། ཟས་རིགས་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་གསོག་རིགས་ལ་རྡུང་རྡེག་ནུས་ལྡན་བཏང་ཡོད།
རིམ་ཁག་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འཛིན་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། “ནན་ཤོས་བཞི”ཡི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། ཁྲིམས་ཆད་ལག་བསྟར་གྱི་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་བཅས་ཀྱིས། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་པའི་སྲ་ཞིང་བརྟན་པའི་འགོག་སྲུང་འཛིང་རགས་སྐྲུན་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ཟླ་བ་ཚེ་རིང་།
སྒྲིག་སྒྱུར། ཚེ་རྡོར།