ཏིང་ཞུའེ་ཞང་གིས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་བ་མ་ཟད་ཀྲུང་ཧག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་གཙོ་སྐྱོང་གནང་བ།
2023-11-29 18:08:00 责编:娜科
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་སྤྱི་ཟླ་༡༡པའི་ཚེས་༢༦ཉིན་ནས་ཚེས་༢༧ཉིན་བར་ཧ་སག་སི་ཐན་ལ་འཚམས་འདྲི་གནང་བ་དང་། ཁག་སོ་སོར་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁེ་ཡེ་ཧྥུའུ་དང་། ཙུང་ལི་སེ་མའེ་ལོ་ཧྥུའུ་དང་མཇལ་འཛོམས་གནང་ཡོད། ཙུང་ལི་གཞོན་པ་དང་པོ་སེ་ཁེ་རི་ཡར་དང་གྲོས་མོལ་གནང་བ་མ་ཟད་ཀྲུང་ཧག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ལྷན་དུ་གཙོ་སྐྱོང་གནང་ཡོད།
ཐོ་ཁ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་སྐབས། ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐོ་ཁེ་ཡེ་ཧྥུའུ་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་པོ་ཞུས་གནང་བའི་སྐོར་བརྒྱུད་ཞུ་གནང་ཡོད། ཏིང་ཞུའེ་ཞང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་སྐུ་ངོ་མས་འཆར་འགོད་དང་སྣེ་ཁྲིད་གནང་བའི་འོག་ཏུ། ཀྲུང་ཧག་དབར་ཇི་སྲིད་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་། ཕྱོགས་གཉིས་ལས་དབང་གཅིག་མཐུན་མ་ལག་སྔོན་ལ་བཙུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ནང་མདུན་གྲལ་དུ་བསྐྱོད་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་སྣེ་ཁྲིད་དུ་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་ཐིག་ཏུ་བྱེད་པ། ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ། གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་མཐུན་སྦྱོར་ཆེ་རུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་བ། ཕན་ཚུན་དབར་གྱི་གོང་འཕེལ་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་རོགས་འདེགས་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་ཧག་ཇི་སྲིད་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་དང་བར་ཁམས་དེ་བས་རྒྱ་ཆེ་བའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཐོ་ཁེ་ཡེ་ཧྥུས་ཏིང་ཞུའེ་ཞང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞེས་གསུངས་ཡོད། ཁོང་གིས། ཧག་ཀྲུང་ནི་རྒྱལ་ཁབ་དང་རྒྱལ་ཁབ་མཛའ་གྲོགས་མཉམ་ལས་བྱེད་པའི་དཔེ་མཚོན་ཡིན། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་ཧ་སག་སི་ཐན་ཕྱོགས་ནས་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཧ་སག་སི་ཐན་དུ་མ་འཇོག་ལས་དར་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་ལྷན་དུ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་དང་ས་གནས་མཉམ་ལས་དམ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས། ཧག་ཀྲུང་ཇི་སྲིད་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།
སེ་མའེ་ལོ་ཧྥུའུ་དང་མཇལ་འཛོམས་གནང་སྐབས། ཏིང་ཞུའེ་ཞང་གིས། ཀྲུང་ཧག་ནི་འབྲེལ་བ་ཟབ་པའི་མཛའ་གྲོགས་ཁྱིམ་མཚེས་དང་། ཕན་ཚུན་བློས་འགེལ་ཆོག་པའི་གྲོགས་པོ་དང་ཕན་ཚུན་ལེགས་གྲུབ་ཡོང་བར་སྐུལ་འདེད་གཏོང་བའི་རོགས་ཟླ་ཡིན། ཕྱོགས་གཉིས་པོས་མུ་མཐུད་ནས་ལས་དབང་གཅིག་མཐུན་མ་ལག་གི་སྙིང་སྙོབས་དར་སྤེལ་གཏོང་བ་དང་། ཕན་ཚུན་དབར་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། མཉམ་འབྲེལ་མཉམ་མཐུད་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་དམ་ཟབ་བྱེད་པ་བཅས་ཀྱི་ཐོག་ནས། ཀྲུང་ཧག་ཕྱོགས་མཐའ་ཀུན་གྱི་གཉིས་ཕན་མཉམ་ལས་ཀྱི་སྤུས་ཚད་ལེགས་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
སེ་མའེ་ལོ་ཧྥུས། ཧག་ཀྲུང་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་པ་དང་། མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཡོད། ཧ་སག་སི་ཐན་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་ལྷན་དུ་ཧག་ཀྲུང་ཇི་སྲིད་བར་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་ཅེས་གསུངས་ཡོད།
སྤྱི་ཚེས་༢༧ཉིན། ཏིང་ཞུའེ་ཞང་དང་སེ་ཁེ་རི་ཡར་གྱིས་ཀྲུང་ཧག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་ལྷན་དུ་གཙོ་སྐྱོང་གནང་ཡོད། གྲོས་ཚོགས་ཐོག་ཀྲུང་ཧག་དངོས་སྒྲུབ་མཉམ་ལས་ལ་ཐོབ་པའི་འཕེལ་རིམ་ལ་ཕྱོགས་ཡོངས་ནས་གདེང་འཇོག་གང་ལེགས་བྱས་ཤིང་། ནུས་རྒྱུ་དང་། དཔལ་འབྱོར་ཉོ་ཚོང་། དངུལ་རྩ། འགྲིམ་འགྲུལ། ཚན་རྩལ། མི་ཆོས་རིག་གནས། ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་སོགས་གྲོས་གཞིའི་སྐོར་ལ་གཅིག་སྡུད་ཐོག་གླེང་མོལ་བྱས་པ། བསམ་འཆར་བརྗེ་རེས་གང་ལེགས་བྱས་ཤིང་དུས་མཚམས་རྗེས་མའི་མཉམ་ལས་ཀྱི་གཙོ་གནད་འཆར་འགོད་བྱས་ཡོད། གྲོས་ཚོགས་འཚོགས་ཚར་རྗེས། ཏིང་ཞུའེ་ཞང་དང་སེ་ཁེ་རི་ཡར་གྱིས་༼ཀྲུང་ཧག་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཟིན་བྲིས་གནད་བསྡུས་༽ལ་མིང་རྟགས་བཀོད་པ་མ་ཟད་ཕན་ཚུན་དབར་རིག་གནས་ལྟེ་གནས་འཛུགས་རྒྱུའི་གྲོས་ཆོད་དང་། ཧ་སག་སི་ཐན་གྱི་ཟས་རིགས་སོས་པ་དང་ཤིང་འབྲས་རིགས་ཀྲུང་གོར་གཏོང་སྐབས་ཀྱི་རྩི་ཤིང་ནད་ཡམས་ཞིབ་བཤེར་གྱི་བླང་བྱའི་གྲོས་གཏན་ཡི་གེ་སོགས་པའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད་པ་རེད།