ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལི་ཆང་གིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་གསར་གཏོད་གོང་འཕེལ་གླེང་སྟེགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ།

2023-11-29 18:06:00     责编:娜科

  འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས་28ཉིན་པེ་ཅིང་དུ་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་གསར་གཏོད་གོང་འཕེལ་གླེང་སྟེགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད་པ་རེད།

  ལི་ཆང་གིས། མཁོ་སྤྲོད་སྦྲེལ་ཐག་དངོས་མང་འགྲེམས་ཚོགས་ནི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་བརྗོད་གཙོར་བཟུང་བའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་དེ་ཡིན།  ཀྲུའུ་ཞི་ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ལྡེམ་ཤུགས་དང་བརྟན་ལྷིང་ནི་འཛམ་གླིང་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་མཉམ་ལས་ཁྲོད་དུ་ཞུགས་མཁན་དང་ཕན་པ་ཐོབ་མཁན་ཡིན་ལ། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན་ཡང་ཡིན། ཀྲུང་གོ་ཕྱོགས་ནས་ཕྱོགས་ཁག་དང་ལྷན་དུ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཉིད་ལྡེམ་ཤུགས་སྔར་ལས་ལྷག་པ་དང་། ནུས་འབྲས་སྔར་ལས་ལྷག་པ། གསོན་ཤུགས་སྔར་ལས་རྒྱས་པ་བཅས་ཀྱི་སྒོ་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་ཅེས་གསུངས་པ་རེད།

  ལི་ཆང་གིས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རྒྱལ་སྤྱིའི་མཉམ་ལས་ཐད་གྲོས་འགོ་བཞི་བཏོན་ཡོད་པ་གཤམ་གསལ།

  གཅིག་ནི་ཐུན་མོང་ཐོག་བདེ་འཇགས་བརྟན་ལྷིང་གི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སྐྲུན་དགོས། ཀྲུང་གོས་མུ་མཐུད་དུ་འཛམ་གླིང་ལ་སྤུས་ལེགས་ཀྱི་ཀྲུང་གོའི་བཟོ་སྐྲུན་དང་བརྟན་པོ་ཡོད་པའི་ཀྲུང་གོའི་མཁོ་སྤྲོད་མཁོ་འདོན་བྱེད་རྒྱུ་ཡིན། གཉིས་ནི་ཐུན་མོང་ཐོག་ཤར་བགྲོད་དང་ལས་ཆོད་མཐོ་བའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སྐྲུན་དགོས། ཀྲུང་གོས་མུ་མཐུད་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། རིག་ནུས་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།  གསུམ་ནི་ཐུན་མོང་ཐོག་སྒོ་དབྱེ་ཁོང་ཡངས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སྐྲུན་པ་དང་། དར་ཆ་གསལ་སྟོན་སྒོ་ནས་སྲུང་སྐྱོང་རིང་ལུགས་དང་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྦྲེལ་ཐག་གཅོད་རིགས་ལ་ངོ་རྒོལ་བྱ་རྒྱུ་ཡིན། བཞི་ནི་ཐུན་མོང་ཐོག་གཉིས་ཕན་མཉམ་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་སྐྲུན་དགོས། ཀྲུང་གོས་མུ་མཐུད་ནས་ཐོན་ལས་དང་ཐོན་ནུས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྣེ་ཁྲིད་ནས་གོ་ལ་ཧྲིལ་པོའི་རིན་ཐང་སྦྲེལ་ཐག་ནང་གཏིང་ཟབ་པོའི་སྒོ་ནས་ཞུགས་རྒྱུ་ཡིན། རྒྱལ་ཁབ་ཁག་གི་ཁེ་ལས་མཁས་པས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོའི་སྒོ་ནས་འཁོར་སྐྱོད་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ཀྲུང་གོས་ཀྱང་མུ་མཐུད་ནས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྲུང་གོར་མ་འཇོག་ལས་དར་ཡོང་རྒྱུར་འགན་ལེན་སྔར་ལས་ལྷག་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བཏོན་ཡོད།

  དེ་རྗེས། ལི་ཆང་གིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།

  ཧིན་ཏུ་ཉི་ཞི་ཡའི་ཙུང་ཐུང་ཙོ་ཁེ་དང་། ཝུ་ར་ཀུའེ་ཙུང་ཐུང་ལ་ཁ་ལེ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་དབྱི་ཝེ་ལ། མཉམ་འབྲེལ་རྒྱལ་ཚོགས་ཉོ་ཚོང་གོང་འཕེལ་གྲོས་ཚོགས་ཀྱི་དྲུང་ཆེ་ཀེ་ལེན་སི་ཕན་སོགས་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ཐོག་བརྒྱུད་ནས་ཤིས་ཚིག་སྒྲོན་ཡོད་པ་རེད།

  འགོ་ཚུགས་མཛད་སྒོ་འགོ་མ་ཚུགས་གོང་། ལི་ཆས་གིས་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་ཀྱི་འགྲེམས་ཁང་ལ་གཟིགས་སྐོར་གནང་བ་མ་ཟད་འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ་དང་བཀའ་མོལ་གནང་བ་དང་སྤེལ་རེས་གནང་ཡོད།

  དབྱིན་ལིས་དང་ཝུའུ་ཀྲེང་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།

中央广播电视总台 央广网 版权所有

ལི་ཆང་གིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ལ་སྐུལ་འདེད་གཏོང་བའི་དངོས་མང་འགྲེམས་ཚོགས་དང་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་གསར་གཏོད་གོང་འཕེལ་གླེང་སྟེགས་ལ་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ།

དབྱིན་ལིས་དང་ཝུའུ་ཀྲེང་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།