ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འཛམ་གླིང་ཡང་རྩེར་མིའི་རིགས་གོང་འཕེལ་གྱི་ངོ་མཚར་ལོ་རྒྱུས་བཏོད།

2023-11-29 12:12:00     责编:娜科

 

 

བོད་ལྗོངས་མི་རིགས་ཁག་ལ་བདེ་སྐྱིད་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལྷོད་མེད་བྱ་ཡུལ་ཞིག་རེད།  ཏང་གི་སྐབས་རིམ་བྱུང་འགོ་ཁྲིད་མཉམ་སྡེབ་ཀྱིས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་གི་ཡོད་པ་དང་། བོད་ལྗོངས་གོང་འཕེལ་ཡོང་རྒྱུར་ཇུས་འགོད་ཧུར་ཐག་གནང་གི་ཡོད་པས་བོད་སྐྱོང་གི་བསམ་ཕྱོགས་ཕུན་སུམ་ཚོགས་པོ་གྲུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་སྐྱོང་བོད་དར་གྱི་ཉམས་མྱོང་ཕྱོགས་བསྡོམས་གནང་བའི་རྨང་གཞིའི་ཐོག  བོད་ལྗོངས་འདི་ཉིད་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྟོབས་ཆེར་འགྱུར་བའི་དུས་རབས་གསར་པའི་རྒྱང་སྐྱོད་གསར་པའི་ནང་གང་མགྱོགས་ཞུགས་ཐུབ་པ་བྱ་ཆེད། སྒོ་ཀུན་ནས་བོད་ལྗོངས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་བཏང་བས། ཀྲུང་གོའི་གུང་ཁྲན་ཏང་མིས་འཛམ་གླིང་ཡང་རྩེར་མིའི་རིགས་གོང་འཕེལ་གྱི་ངོ་མཚར་ལོ་རྒྱུས་བརྩམས་ཡོད།

 

 

དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཡོད། བོད་ལྗོངས་ཀྱི་ལོ་རེའི་ནོར་སྲིད་ཡོང་འབབ་ཀྱི་བརྒྱ་ཆ་80ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ནས། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་ཁྱབ་ཁོངས་ཚུད་པའི་ཁྱོན་ཡོངས་འགན་སྲུང་མ་ལག་བཙུགས་པས་མི་དམངས་ཀྱི་གོང་འཕེལ་དབང་ཆ་གང་ལེགས་ཐོབ་ཡོད།

 

 

འཕྲོད་བསྟེན་སློབ་གསོའི་བྱ་གཞག་ཡུན་རིང་གོང་འཕེལ་བྱུང་བ་དང་། མི་འབོར་དང་སྤུས་ཚད་གཉིས་ཀ་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་བ།  བོད་ལྗོངས་ཀྱི་མི་རེའི་སྔོན་དཔག་ཚེ་ཚད་ཀྱང་བཅིངས་འགྲོལ་མ་བཏང་གོང་གི་ལོ་35.5ནས་ད་ཆའི་ལོ་72.19བར་རིང་དུ་སོང་ནས་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་མ་བུ་བདེ་སྲུང་། རིམས་ནད་སྔོན་འགོག་ཚོད་འཛིན། བོད་ལུགས་གསོ་རིག་སོགས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གྲུབ་ཡོད། སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་བཏང་བ་དང་། རྒྱལ་ཡོངས་ཁྱབ་ཁོངས་སུ་སྔོན་ལ་བུ་བཅོལ་ཁང་ནས་མཐོ་འབྲིང་བར་གྱི་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པ་དང་། སློབ་ལོ་མ་ལོན་གོང་གི་སློབ་གསོ་ནས་རྨང་གཞིའི་སློབ་གསོ་དང་། ལས་རིགས་སློབ་གསོ། དེ་ནས་མཐོ་རིམ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཀྱི་བར་ཆ་ལག་ཚང་བའི་དེང་རབས་སློབ་གསོའི་མ་ལག་ཅིག་གྲུབ་ཐུབ་པ་བྱུང་ཡོད།  

 

 

འགྲིམ་འགྲུལ་འཕྲིན་གཏོང་བྱ་གཞག་ཀྱང་གོང་འཕེལ་མྱུར་པོ་བྱུང་ནས་འཐུས་སྒོ་ཚང་བའི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་གྲུབ་པ།  སྤྱི་ལོ་2012ལོའི་ཚུན་གྱི་ལོ་ངོ་10ཡི་རིང་། བོད་ལྗོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་དེ་སྔོན་མའི་སྤྱི་ལེ་ཁྲི་6.52ནས་ད་ཆའི་སྤྱི་ལེ་ཁྲི་12.14བར་རིང་དུ་སོང་བ་དང་། རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་ཀྱང་སྔོན་མའི་སྤྱི་ལེ་38ནས་སྤྱི་ལེ་1105བར་རིང་དུ་སོང་བ། ལྕགས་ལམ་ལས་གཉེར་གྱི་ཚམ་ཚད་ཀྱང་སྤྱི་ལེ་701ནས་སྤྱི་ལེ་1359བར་རིང་དུ་སོང་བ། བོད་ལྗོངས་ཀྱི་མཁའ་འགྲུལ་ལས་རིགས་ཀྱང་བདེ་བླག་ངང་ལས་གཉེར་བྱེད་འགོ་ཚུགས་ཏེ་རྒྱལ་སྤྱི་རྒྱལ་ནང་གི་མཁའ་འགྲུལ་ལམ་ཐིག་ཁྱོན་154ཟིན་པ་དང་གྲོང་ཁྱེར་70དང་མཁའ་འགྲུལ་སྦྲེལ་མཐུད་ཐུབ་ཡོད།

 

 

རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་ཀའི་དཔེ་སྟོན་ཁུལ་བཏོད་པ། བོད་ལྗོངས་ཀྱི་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུད་ཚད་ཡག་པའི་ཉིན་གྲངས་བརྒྱ་ཆ་99ཡན་ཟིན་པ་དང་། གཙང་པོ་དང་མཚེའུ་སོགས་གཙོ་གནད་ཆུ་ཁོངས་ཀྱི་ཆུའི་སྤུས་ཚད་རིམ་པ་གསུམ་པའི་ཚད་གཞི་ལས་བརྒལ་ཏེ། བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་འབྱུང་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་སུ་གྱུར་ཡོད་པ་རེད།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བྱམས་པ་ཚེ་རིང་། 

中央广播电视总台 央广网 版权所有

འཛམ་གླིང་ཡང་རྩེར་མིའི་རིགས་གོང་འཕེལ་གྱི་ངོ་མཚར་ལོ་རྒྱུས་བཏོད།

རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ར་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་ལས་ཀའི་དཔེ་སྟོན་ཁུལ་བཏོད་པ།