འགྲིམ་འགྲུལ་སྐྱེལ་འདྲེན་པུས་དམངས་འཚོར་ཕན་པ་དང་དམངས་ཀྱི་སེམས་ཁྲལ་བསལ་ནས་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འགྲིམ་འགྲུལ་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དེ་དམངས་འཚོའི་བྱ་བ་དངོས་དང་དེ་བས་ཉེ་བཅར་བྱེད་པར”སྐུལ་འདེད་ཏན་ཏིག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
དེའི་གོང་ས་ཆ་མང་པོར་དྲག་ཆར་བསྟུད་མར་བབས་ནས་ས་ཁུལ་ཁག་གཅིག་གི་གཞུང་ལམ་དང་ཟམ་པར་གཏོར་སྐྱོན་ཕོག་པའི་གནས་ཚུལས་ལ་དམིགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་རིགས་གཅིག་མཁས་ཅན་གྱི་བརྟག་ཞིབ་ཚོགས་ཆུང་མང་པོ་ཞིག་སྒྲིག་འཛུགས་བྱས་ནས་སྔ་རྗེས་སུ་ས་གནས་ས་ཐོག་ཏུ་བསྐྱོད་དེ་ལག་རྩལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་ལམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀུའོ་ཧྲེང་གིས། འཕྲལ་དུ་བྱ་སྤྱོད་སྤེལ་ནས་གནོད་འཚེའི་གནས་ཚུལ་བརྟག་དཔྱད་དང་ཚོད་སྐོར་བྱས་ཏེ་རང་བྱུང་གནོད་འཚེ་ཐོན་མང་བའི་ས་ཁོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། སྒྲིག་བཀོད་དྲ་རྒྱའི་སྤྱི་ཡོངས་ཀྱི་གེགས་འགོག་ནུས་པར་ཚོད་སྐོར་ཞིབ་འཇུག་བྱས་ནས་གཞུང་ལམ་གཙོ་བོའི་ལག་རྩལ་རིམ་པ་དང་འགོག་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཁ་གྲངས་མང་ཞིང་ཁྱབ་རྒྱ་ཆེ་བའི་གྲོང་གསེབ་ཀྱི་གཞུང་ལམ་ལ་དམིགས་ནས། འགོག་སྲུང་ལས་གྲྭ་དང་། ཟམ་པ་དང་ཕུག་ལམ། བདེ་འཇགས་སྒྲིག་བཀོད། དེ་བཞིན་ལས་གྲྭའི་གྲུབ་ཚུལ་སོགས་ཀྱི་རང་ངོས་ཀྱི་ལྡེམ་ཤུགས་ཆེ་རུ་གཏོང་བའི་བྱེད་ཐབས་སྤྱད་དེ། གྲོང་གསེབ་གཞུང་ལམ་གྱི་གནོད་འགོག་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད་ཅེས་བརྗོད་འདུག
འགྲིམ་འགྲུལ་སྐྱེལ་འདྲེན་པུས་བརྟག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་རླངས་འཁོར་ཁ་བཀག་ནས་ངལ་གསོ་བྱེད་སའི་ས་ཆ་དཀོན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་རྣམ་གསར་པའི་ལས་སྟེགས་ཀྱིས་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་ལ་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་བྱ་སྤྱོད་སྤེལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྐྱེལ་འདྲེན་ཞབས་ཞུ་སིའི་སི་ཀྲང་གཞོན་པ་ཀའོ་པོ་ཡིས། དྲ་ཐོག་བཀོད་མངགས་རླངས་འཁོར་ལས་སྟེགས་ཀུང་སི་དང་དྲ་སྦྲེལ་གཞུང་ལམ་ཟོག་འདྲེན་ལས་སྟེགས་ཀུང་སི་གཙོ་བོའི་སྤྱི་བསྒྲགས་དེ་བསྡུར་ཚད་དམ་ཡང་ན་ཚོགས་མིའི་དངུལ་གྱི་ཚད་གཞི་དམའ་རུ་བཏང་བ་དང་དམའ་རུ་བཏང་བའི་ཚད་གཞི་དེ་ཡོངས་ཁྱབ་ངང་བརྒྱ་ཆའི་གནས་1ནས་3བར་ཟིན་ཡོད་ཅེས་བརྗོད་པ་རེད། ཁ་ལོ་བའི་ཁྱིམ་གཞིས་ཞེས་པ་1300ལྷག་ཙམ་ལ་མཛུབ་ཁྲིད་བྱས་ནས་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བར་སྔར་བས་གོང་ཁེ་ལ་སྟབས་བདེ་བ་དང་། བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་རླངས་འཁོར་འཇོག་ས་དང་། ངལ་གསོ་རྒྱག་ས། བཟའ་བཏུང་བྱེད་ས། གོས་འཁྲུ་ས། གཟུགས་པོ་འཁྲུ་ས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་རྒྱ་ཆེའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཚོར་ལམ་བར་དུ་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་བསྐྲུན་ཡོད་པ་རེད།
བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་འགྲིམ་འགྲུལ་སྐྱེལ་འདྲེན་པུས་གྲོང་གསེབ་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩིས་ནས་མང་ཚོགས་འགྲོ་སྐྱོད་དང་། ཟོག་འདྲེན་ཟོག་འགྲེམས། སྐུར་སྐྱེལ་ཞབས་ཞུ་བཅས་ཐད་ཀྱི་དཀའ་གནད་གཅིག་གྱུར་ཐོག་ཐག་གཅོད་བྱས་ཡོད་པ་རེད།
ཀའོ་པོ་ཡིས། གྲོང་གསེབ་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་འཁོར་སྐྱོད་ལམ་སྲོལ་དང་། རྨང་གཞིའི་སྒྲིག་བཀོད། སྐྱེལ་འདྲེན་ལམ་ཐིག འཁོར་སྐྱོད་ཆ་འཕྲིན་སོགས་མཉམ་སྐྲུན་མཉམ་སྤྱོད་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་དཔེ་སྟོན་རྫོང་གཏོད་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་གསེབ་ཀྱི་ཟོག་འགྲེམས་ཞབས་ཞུའི་སྤུས་རྟགས་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་འགྲུལ་ཟོག་དང་སྦྲག་སྲིད་མཉམ་འདྲེས་ཀྱི་བཟང་ཆ་སྤྱད་དེ་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཡོད་ཅེས་བརྗོད་པ་རེད།