ལི་ཆང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་དང་ཐུག་འཕྲད་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྤྱི་ཚེས་༡༤ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་དང་ཐུག་འཕྲད་གནང་ཡོད་པ་རེད།
ལི་ཆང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དེ་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུར་གཏན་འབེབས་བྱས་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཡིན། རྙོག་འཛིང་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཝེ་ནེ་ཙུའེ་ལས་བློ་བརྟན་འགྱུར་མེད་སྒོ་ནས་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་དང་། འཐབ་ཇུས་ཀྱི་རོགས་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འོས་འཚམས་གཅོག་པ། གཉིས་ཕན་མཉམ་རྒྱལ་གྱི་གོང་འཕེལ་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་ཝེ་ནེ་ཙུའེ་ལའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱར་སྲུང་སྐྱོང་བྱེད་པ་དང་རང་སོའི་ལུགས་མཐུན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཝེ་ནེ་ཙུའེ་ལའི་ཕྱོགས་དང་གོང་འཕེལ་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ། ཕྱོགས་མང་མཐུན་སྦྱོར་དང་གཞོགས་འདེགས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།
མ་ཏུའུ་ལོ་ཡིས། ཀྲུང་གོའི་གོང་འཕེལ་གྱིས་རང་རྒྱལ་ཁབ་ཀྱི་མི་དམངས་ལ་ཕན་ཁེ་སྐྲུན་ཡོད་ལ་གོ་ལ་ཧྲིལ་པོར་ཡང་ཕན་བདེ་སྐྲུན་ཡོད། ཝེ་ཀྲུང་བར་དུས་རྣམ་ཀུན་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཉམ་ལས་བྱེད་པའི་ལམ་ཚད་ཀྱི་རྡོ་རིང་ལྟ་བུ་ཞིག་ཡིན། ཝེ་ནེ་ཙུའེ་ལའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཐད་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འོད་སྣང་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་བསྟན་འདུག