ཏིང་ཞུའེ་ཞང་དང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཐོ་རིམ་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་པ།
འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལོས་པེ་ཅིང་དུ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཐོ་རིམ་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་གནང་ཡོད་པ་རེད།
ཏིང་ཞུའེ་ཞང་གིས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་ནི་གྲོགས་པོ་ཡག་པོ་དང་རོགས་ཟླ་བཟང་པོ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་དམིགས་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་དབར་གྱི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་ནས་འཕེལ་རྒྱས་གཏོང་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མ་ཏུའུ་ལུའོ་ཡི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་བརྟན་ལ་ལེགས་པའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད། ཀྲུང་གོ་དང་ཝེ་ནེ་ཙུའེ་ལ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བརྟན་ལ་མི་མངོན་པའི་སྟོབས་ཤུགས་ཆེ་བ་དང་མདུན་ལྗོངས་ཡངས་ཤིང་རྒྱ་ཆེན་པོ་ཡོད།
ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གཏན་འཁེལ་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྔར་བས་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཏིང་ཞུའེ་ཞང་གིས། ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཐོ་རིམ་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁས་ལེན་གང་ལེགས་གནང་བ་དང་། མཐོ་རིམ་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཆར་འགོད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོའི་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
མ་ཏུའུ་ལུའོ་ཡིས་ཤིས་ཚིག་སྒྲོན་སྐབས། ཝུ་ནེ་ཙུའེ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚོད་བགམ་སྣ་ཚོགས་ཐེག་ནས་ཉིན་རེར་མ་འདས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཏེ་ཝེ་ནེ་ཙུའེ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ལམ་ཚད་རྡོ་རིང་གསར་པ་བསུས་ཡོད། མཐོ་རིམ་མཉམ་འདྲེས་ཨུ་ཡོན་ལྷན་ཁང་གི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།
ཝེ་ནེ་ཙུའེ་ལའི་ཙུང་ཐུང་གཞོན་པ་ལུའོ་ཏེ་ལི་ཀེ་སི་དང་ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེང་ཧྲན་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་ཁག་སོ་སོས་ལས་དོན་སྙན་སྒྲོན་གནང་ཡོད་པ་རེད།
ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་མཐོ་རིམ་མཉམ་འདྲེས་ཨུ་ཡོན་ལྷན་ཁང་དེ་ནི་ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་པའི་སྒྲིག་གཞི་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་100ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།