ཧྥུ་ཅན་གྱིས་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར།
འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཕུ་ཅན་གྱིས་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཡོད།
《བསམ་འཆར》ནང་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགྱུར་མེད་བརྟན་སྲུང་བྱེད་པའི་ལོ་རྒྱུས་འགན་འཁྲི་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། ཐའེ་ཝན་ལས་དོན་ཧྲིལ་པོའི་ནང་ཧྥུ་ཅན་གྱིས་དམིགས་བསལ་གྱི་གནས་བབ་དང་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅེས་བསྟན་འདུག
《བསམ་འཆར》ནང་། ཞི་ཅིན་ཕིང་གི དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་འཐབ་ཇུས་དོན་འཁྱོལ་མཐའ་འཁྱོངས་བྱེད་པ། “མཚོ་འགག་གཡས་གཡོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ལག་ལེན་བསྟར་བ་བཅས་བྱས་ནས་མཉམ་འབྲེལ་མཉམ་མཐུད་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཕན་འདོགས་པར་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མཛའ་བརྩེ་ལ་བརྟེན་ནས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་ཧྥུ་ཅན་གྱི་ས་ཁོངས་ཧྲིལ་པོར་མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
ཧྥུ་ཅན་གྱིས་ཐའེ་ཝན་ལས་དོན་ཐད་བཟུང་བའི་དམིགས་བསལ་གྱི་ལེགས་ཆ་དང་སྔོན་སྐྱོད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་ཁག་གི་ཐོན་ཁུངས་སྤྱོད་མཁས་པ་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ཐའེ་ཝན་བར་བརྩི་འཇོག་དང་། ཐུགས་ཁུར། བདེ་སྐྱིད་སྐྲུན་པ་བཅས་བྱས་ནས་སྤུན་ཟླ་ཐའེ་ཝན་བའི་ཕན་བདེ་ཆེ་རུ་གཏོང་བ་དང་ཐོབ་ཐང་གཅིག་མཚུངས་ལོངས་སུ་སྤྱོད་པའི་སྲིད་ཇུས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གནད་དོན་གྱིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་འབུར་དུ་ཐོན་པ། དབང་ཆ་གཤམ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ། སྲིད་ཇུས་དང་ལམ་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྔོན་ལ་སླ་བ་དང་རྗེས་ལ་དཀའ་བ་དང་། རིམ་བགྲོད་གོང་འཕེལ། རྒྱུན་མཐུད་སྐུལ་འདེད། སྙིང་རུས་གཏན་འཁྱོངས། དུས་བསྟུན་བབ་བསྟུན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཆ་རྐྱེན་ལེགས་པ་དང་། ལེགས་ཆ་འབུར་དུ་ཐོན་པའི་ས་ཁུལ་གྱིས་སྔོན་ལ་ཚོད་ལྟ་དང་། གནད་གཅིག་གིས་ཁྱོན་ཡོངས་སྐུལ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱས་ཐོག ས་ཁུལ་གཞན་དག་གིས་གནས་བབ་ངེས་གཏན་དང་། མཐུན་སྦྱོར་ཕན་འབྲས་ཐོན་རྒྱུར་ཁྲིད་སྟོན་བྱེད་དགོས། ངེས་གནས་གཏན་འཁེལ་དང་མཉམ་སྒྲུབ་ཕན་འབྲས་ཐོན་པར་ཁྲིད་སྟོན་བཅས་བྱ་དགོས་པའི་བླང་བྱ་བཏོན་འདུག
《བསམ་འཆར》ནང་གཏན་འཁེལ་ཁ་གསལ་བྱས་པའི་ལས་ཀའི་དམིགས་ཚད་ནི། མཚོ་འགག་གཡས་གཡོན་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་། སྤུན་ཟླ་ཐའེ་ཝན་བའི་ཁེ་ལས་སྐམ་ས་ཆེན་མོར་ལས་སྒོ་ཕྱེ་བའི་ཁྱིམ་གཞིས་དང་པོ་ཡིན་པའི་ངོས་ནས་ཧྥུ་ཅན་གྱིས་ཕན་ནུས་གང་ལེགས་ཐོན་པ་བྱེད་དགོས་པ་དང་། མཉམ་འདྲེས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་བཏང་ནས“མཚོ་འགག་གཡས་གཡོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཧྥུ་ཅན་དང་ཐའེ་ཝན་གཉེན་ཉེར་འགྱུར་བའི”སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་འགྲོ་བ་དང་། ཧྥུ་ཅན་དང་ཐའེ་ཝན་གྱི་མི་སྣ་འགྲོ་འོང་སྔར་བས་སྟབས་བདེ་རུ་འགྲོ་བ། ཚོང་དོན་མ་འཇོག་སྔར་བས་སྟབས་བདེ་རུ་འགྲོ་བ། སྤེལ་རེས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེ་རུ་འགྲོ་བ། རིམ་པ་སྔར་བས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་པ། ཤ་མོན་དང་ཅིན་མོན་དང་། ཧྥུ་ཀྲོའུ་དང་མ་ཙུའུ་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ནུས་པ་རྒྱུན་ཆད་མེད་པར་མངོན་པ་དང་ཕིང་ཐན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱིས་ཐའེ་ཝན་དང་མཉམ་འདྲེས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དེ་རེད།
《བསམ་འཆར》ནང་། ད་དུང་སྤུན་ཟླ་ཐའེ་ཝན་བ་དང་ཐའེ་ཝན་གྱི་ཁེ་ལས་སྐམ་ས་ཆེན་མོར་ལས་སྒོ་ཕྱེ་བའི་ཁྱིམ་གཞིས་དང་པོ་སྐྲུན་རྒྱུ་དང་། ཧྥུ་ཅན་དང་ཐའེ་ཝན་ཡི་དཔལ་འབྱོར་ཉོ་ཚོང་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཧྥུ་ཅན་གྱི་ས་ཁོངས་ཧྲིལ་པོ་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཧྥུ་ཅན་དང་ཐའེ་ཝན་གྱི་སྤྱི་ཚོགས་དང་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ཞིབ་ཕྲའི་ནང་དོན་དོན་ཚན་21བཏོན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།